༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ ཆརཔ་མ་ཆད་པར་ རྐྱབ་མི་དང་འཁྲིལ་ ས་གནས་མང་ཤོས་ཅིག་ནང་ གཞུང་ལམ་དང་ རྒེད་འོག་ལྟེ་བའི་ལམ་ཚུ་ བསུབས་ཡོདཔ་ཨིན་རུང་ མང་ཤོས་ཅིག་ར་ སེལ་ཚར་ཡོདཔ་ཨིན་པས།
པཱན་སྦང་དང་ ངང་ལམ་གྱི་ འཁོར་ལམ་དེ་ སེལ་ཚར་ཡོདཔ་ད་ ལམ་སེལ་ལས་ཁུངས་ཀྱི་ ས་གནས་བཟོ་རིག་འགོ་དཔོན་ སཱན་མཱན་ ཏ་མང་གིས་འབད་བ་ཅིན་ མ་གཞི་ ལམ་དེ་ སེལ་ཚར་ཡོད་རུང་ སྣུམ་འཁོར་ཚུ་ ཉིན་མར་མ་གཏོགས་ ནུབ་མོ་ འགྲོ་འགྲུལ་འབད་བཅུག་ནི་ མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ལམ་གྱི་རྒྱ་ཚད་དེ་ ཆུང་ཀུ་ཅིག་ལས་བརྒལ་མེད་ཟེར་ཨིནམ་ད་ སྦོམ་བཟོ་ནིའི་དོན་ལུ་ ཉིན་གྲངས་༡༢ དེ་ཅིག་ འགོར་འོང་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ དཱན་རཱཇ་ ཆེ་ཏི་རི་གིས་འབད་བ་ཅིན་ མོང་སྒར་གྱི་ ཡ་ལྡི་དང་ ཀོ་རི་ལ་བར་ནའི་ལམ་ཡང་ ཁ་ཙ་ བསུབས་ཡོད་རུང་ ཕྱི་རུ་ཁམས་ཅིག་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ ཚུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་བར་ནའི་ གཞུང་ལམ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ བསུབས་ཡོདཔ་བཞིན་དུ་ ཁ་ཙ་ སེལ་ཚར་ནུག།
དེ་ལས་ དགེ་ལེགས་ཕུག་དང་ ཏིང་ཏི་སྦིས་བར་ནའི་ ཨོ་སེ་གི་ལམ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༠ གྱི་ནུབ་མོ་ སེལ་ཚར་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ ཁ་ར་ནཱན་ད་གིས་ སླབ་མིའི་ནང་ མ་གཞི་ ལམ་དེ་ སེལ་ཡོདཔ་ཨིན་རུང་ སྒྲིང་སྒྲི་མེདཔ་ལས་ རྩ་བརྟན་བཟོ་ནི་ལུ་ ལཱ་འབད་བཞིན་དུ་ ཡོད་ཟེར་ཨིན་པས།
དེ་ལས་ གཞལམ་སྒང་དང་ ཀྲོང་གསར་བར་ནའི་གཞུང་ལམ་ རི་བོ་ཏ་ལ་ལུ་ བསུབས་མི་དེ་ཡང་ ཁ་ཙ་ནུབ་མོ་ལས་ སེལ་ཡོདཔ་ཨིན་རུང་ རྫོང་མཁར་ལུངམ་གི་ ས་ཁོངས་དེ་ ད་ལྟོ་ སེལ་མ་ཚུགས་པར་ ཡོདཔ་ཨིན་པས།
ཀྲོང་གསར་ལུ་ཡོད་མི་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ རྫོང་མཁར་ལུངམ་གི་ ལམ་བསུབས་མི་དེ་ སེལ་ནིའི་དོན་ལུ་ ད་རུང་ ཉིན་གྲངས་༣ དེ་ཅིག་ འགོར་འོང་ཟེར་ཨིན་པས།
སཱུན་ཀོཤི་དང་ དར་དཀར་ནང་གི་ ལམ་དེ་ཡང་ ད་རིས་སེལ་ཚུགས་པའི་ རེ་བ་ཡོདཔ་ད་ བཟོ་རིག་འགོ་དཔོན་ པདྨ་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ རྡོ་དང་ ས་རུད་ཚུ་ ད་ལྟོའི་བར་ན་ཡང་ ཆད་བཞིན་དུ་ ཡོད་ཟེར་ཨིན་པས།
དེ་ལས་ མ་ནི་ཏར་དང་ རའི་དང་ དེ་ལས་ ལྷ་མོ་རྫིང་ཁའི་ལམ་དེ་ ད་ལྟོ་ སེལ་མ་ཚུགསཔ་ད་ མཁར་པཱན་ཌི་དང་ དཔག་བསམ་ཁ་དང་ མ་ནི་ཏར་གྱི་ གཞུང་ལམ་དེ་ ཁ་ཙ་ སེལ་ཚར་ནུག།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ མི་སེར་ཚུ་ འགྲོ་འགྲུལ་འབད་བའི་སྐབས་ དྲན་ཤེས་ཀྱི་ཐོག་ལུ་ འགྱོ་དགོ་པའི་ དྲན་བསྐུལ་འབདཝ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ལུ་བརྟེན་ མི་མང་སྐྱེལ་འདྲེན་བཱསི་ཚུ་ཡང་ ལེ་ཤ་ཅིག་ར་ རང་སོའི་དུས་ཚོད་དང་བསྟུན་ ས་གནས་ཚུ་ནང་ ལྷོད་མ་ཚུགས་པའི་ དཀའ་ངལ་དང་ དུས་ཚོད་ཁར་ འགྲུལ་བསྐྱོད་འབད་མ་ཚུགས་པའི་ དཀའ་ངལ་ཚུ་ཡང་ ལེ་ཤ་ཅིག་ར་ ཐོན་ཡོད་པའི་གནས་ཚུལ།
ཉི་མ་དབང་འདུས།