གཞུང་ཚབ་ལས་ཁང་ཚུ་ནང་ ཐོབ་ཐངས་རིམ་པ་ གཅིག་མཚུངས་བཟོ་དགོཔ།

༉ འབྲུག་གི་དོན་གཅོད་ལས་ཁང་ཚུ་ནང་ དངུལ་འབྲེལ་བཅའ་ཡིག་དང་ ཕྱི་འབྲེལ་ལས་གཡོག་ཐོབ་ལམ་སྒྲིག་གཞི་ཚུ་དང་ མ་འཁྲིལ་བར་ ལག་ལེན་འཐབ་མི་ལུ་བརྟེན་ རྩིས་ཉོགས་ཚུ་ འཕྲལ་འཕྲལ་ར་ ཐོནམ་ཨིན་མས།
དེ་ཡང་ འཕྲལ་གྱི་གནད་དོན་ཅིག་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྩིས་ལོ་༢༠༡༦-༡༧ དང་ རྩིས་ལོ་༢༠༡༧-༡༨ ཚུན་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་གཞུང་ཚབ་ལས་ཁང་གིས་ མ་དངུལ་ཚུལ་དང་མ་མཐུནམ་སྦེ་ ལག་ལེན་དང་ ཁྱད་པར་ཆགས་ཡོདཔ་ བདའ་ཟུན་ནུག།
རྩིས་ཉོགས་ཐོན་དགོ་པའི་ གནད་དོན་གཙོ་བོ་ར་ ཐོབ་ལམ་མེད་པའི་ སྨན་བཅོས་ཀྱི་ འཐུས་སྤྲོད་མི་ལུ་བརྟེན་ཨིནམ་ད་ གཞུང་ཚབ་ལས་ཁང་གིས་ འདས་པའི་རྩིས་ལོ་༢ ནང་ ལས་བྱེདཔ་དང་ འགོ་དཔོན་ཚུ་གི་དོན་ལུ་ གསོ་བའི་ཟད་འགྲོ་ཡུ་ཨེསི་ཌོ་ལར་༤༠༩,༨༣༨ བཏང་པའི་ཁར་ ལས་བྱེདཔ་༢ ལུ་ སྨན་བཅོས་ཀྱི་འཐུས་ ཡུ་ཨེསི་ཌོ་ལར་༡,༠༠༠ རེ་ གསོལ་རས་སྦེ་ བྱིན་ནུག་ཟེར་ཨིན་མས།
ད་རུང་ གཞུང་ཚབ་ཀྱི་ ཁྱིམ་ནང་ལཱ་འབད་མི་ལུ་ སྨན་བཅོས་ཀྱི་འཐུས་སྦེ་ ཡུ་ཨེསི་ཌོ་ལར་༡༡,༡༡༤ དང་ ལས་བྱེདཔ་༤ ལུ་ རྒྱབ་སྣོན་ཡིག་ཆ་ག་ནི་ཡང་མེད་པར་ ཟླ་རིམ་སྨན་བཅོས་ཀྱི་འཐུས་ ཡུ་ཨེསི་ཌོ་ལར་༤༣,༤༩༠ སྤྲོད་ནུག་ཟེར་ རྩིས་ཞིབ་སྙན་ཞུ་ནང་ གསལ་བཀོད་འབད་ནུག།
གཡོགམོ་ལུ་ སྨན་བཅོས་ཀྱི་ འཐུས་དེ་ཡང་ གསོ་བའི་ཉེན་བཅོལ་ཡིག་ཆ་དང་ སྨན་བཅོས་ཀྱི་ ཡིག་ཆ་མེད་པར་ གཞུང་ཚབ་ཀྱི་ སྒེར་གྱི་རྩིས་ཁྲ་ནང་ བཙུགས་ཡོདཔ་བཞིན་དུ་ གཡོགམོ་དང་ ལས་བྱེདཔ་༤ ལུ་ ཌོ་ལར་སྤྲོད་མི་དེ་ ཕྱི་འབྲེལ་ལས་གཡོག་ཐོབ་ལམ་བཅའ་ཡིག་༢༠༠༢ ཅན་མ་དང་ འགལ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་མས།
ད་རུང་ གཡོགམོ་ལུ་ སྨན་བཅོས་ཀྱི་འཐུས་དང་ དངུལ་ཕོགས་ཚུ་ཡང་ཚངམ་སྦེ་ མ་སྤྲོད་པའི་ཁར་ ལས་བྱེདཔ་༤ གི་ གསོ་བའི་ཉེན་བཅོལ་དེ་ གཞུང་ཚབ་ཀྱིས་ ཁྱིམ་ནང་ལཱ་འབད་མིའི་ གསོ་བའི་ཐོབ་ལམ་དང་ འགབ་བཞག་ནུག་ཟེར་ཨིན་མས།
འདི་བཟུམ་མའི་ རྩིས་ཉོགས་ཐོན་མི་དེ་ འགོ་དང་པ་མེན་པར་ འདས་པའི་ལོ་༦ དང་༧ གྱི་ཧེ་མ་ཡང་ བེང་ཀོག་དང་ བ་ར་སཱལསི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་༢ ནང་ཡང་ ཐོན་མི་ཡོདཔ་ད་ ཐའི་ལེནཌ་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གི་ དོན་གཅོདཔ་ཅིག་གིས་ མ་དངུལ་ས་ཡ་ལས་བཅད་དེ་ ཚུལ་མིན་ལག་ལེན་དང་ ལོག་སྤྱོད་འབད་ཡོདཔ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བདའ་ཟུན་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ཡོདཔ་བཞིན་དུ་ རྩོད་བཤེར་དེ་ ད་ལྟོ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ལྷོད་དེ་འདུག།
དེ་ལས་ བེལ་ཇི་ཡམ་གྱི་རྒྱལ་ས་ བ་ར་སཱིལསི་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ཡང་ གཡོགམོ་ལུ་དངུལ་ཕོགས་དང་ ཐོབ་ལམ་གཞན་ཚུ་ཚངམ་སྦེ་ མ་སྤྲོད་པར་ འགོ་འཛིན་གྱི་ སྒེར་གྱི་རྩིས་ཁྲ་ནང་ བཙུགས་ཡོད་པའི་ ཉོགས་བཤད་བཀོད་མི་ལུ་བརྟེན་ འབྲེལ་ཡོད་འགོ་དཔོན་དེ་ ལོག་འབོ་དགོཔ་བྱུང་པའི་སྐོར་ བརྡ་བརྒྱུད་ནང་ཐོན་ཡི།
ད་ལྟོ་ རྒྱལ་ཁབ་༧ ནང་ འབྲུག་གི་གཞུང་ཚབ་ལས་ཁང་ཚུ་ཡོདཔ་ཨིན་རུང་ གཞན་ཚུ་ནང་ དཀའ་ངལ་མ་ཐོན་མི་དེ་ཡང་ ལས་གཡོགཔ་ཚུ་ལུ་ སྨན་བཅོས་ཀྱི་འཐུས་ ལོགས་སུ་སྦེ་ སྤྲོད་ནི་མེད་མི་ལུ་བརྟེན་ཨིནམ་ད་ ཁོང་ལུ་ ཐོལ་ལམ་ཟེར་རུང་ ན་བའི་སྐབས་ གཞུང་ལས་ སྨན་བཅོས་ཀྱི་ ཟད་འགྲོ་གཏངམ་ཨིན་མས།
དེ་ལས་ གཞུང་ཚབ་ཚུ་ལུ་ ཁྱིམ་ནང་ལཱ་འབད་མིའི་ཐད་ལུ་ ཐོབ་ལམ་ཡོད་མེད་སྐོར་ ཁ་གསལ་མེད་པའི་ཁར་ ཐོབ་ལམ་ཡོད་པ་ཅིན་ ཟླ་རིམ་དངུལ་ཕོགས་དེ་ ཐད་ཀར་དུ་ ལས་གཡོག་པའི་ རྩིས་ཁྲ་ནང་ མ་བཙུགས་པར་ གཞུང་ཚབ་ཀྱི་ རྩིས་ཁྲ་ནང་ བཙུགས་དགོ་པའི་ འོས་འབབ་ཅིག་ཡང་ མི་མཐོངམ་མས།
འདི་བཟུམ་མའི་ བྱུང་རྐྱེན་ཚུ་ལུ་ལྟཝ་ད་ ཕྱི་འབྲེལ་ལྷན་ཁག་གི་ཧོངས་ལས་ གཞུང་ཚབ་ལས་ཁང་ཚུ་ནང་ ལྟ་རྟོག་སྒྲིང་སྒྲི་མ་འབད་མི་དང་ ཕྱི་འབྲེལ་ལས་གཡོག་ཐོབ་ལམ་བཅའ་ཡིག་ གཅིག་མཚུངས་སྦེ་ ལག་ལེན་མ་འཐབ་ནི་དེ་གིས་ འོང་སྲིད་ནི་ཨིནམ་ལས་ ད་ལྟོ་ དཀའ་ངལ་ཁྱབ་ཆེ་སུ་ཅིག་ལུ་ མ་འགྱུར་བའི་ཧེ་མར་ སྨན་བཅོས་ཀྱི་ ཐོབ་ལམ་དང་ དོན་གཅོདཔ་མིན་པའི་ ལས་བྱེདཔ་གཞན་ཚུ་ གསར་བཙུགས་ཀྱི་ ལམ་ལུགས་བསྐྱར་ཞིབ་ཐོག་ གཅིག་མཚུངས་བཟོ་དགོཔ་འདུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *