༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ བེང་ཀོག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་གི་ འགོ་འཛིན་བགྲེསཔ་ལུ་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཁག་༡༢ ཀྱི་བཙོན་ཁྲིམས་ ལོ་༩ དང་ཟླཝ་༡ བཀལ་ཡོདཔ་ཨིན་པས།ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ བཙན་གྲ་སྟོབས་རྒྱས་ལུ་ བེང་ཀོག་ལུ་ སྨན་བཅོས་འབད་བར་གཏང་མི་ འབྲུག་པའི་ནདཔ་ཚུ་གི་དོན་ལུ་ ཟད་འགྲོ་བཏང་མི་ དངུལ་ཀྲམ་ས་ཡ་༡༦.༢༣ ལོག་སྤྱོད་འབད་ཡོདཔ་ལས་ ལོག་སོར་ཆུད་འབད་དགོ་པའི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།བཙན་གྲ་སྟོབས་རྒྱས་ཀྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༨༧ དང་འགེལ་ཡོདཔ་ལས་ ཉེས་འཛུགས་ཚུ་ག་ར་བསྡོམས་ཏེ་ བཙོན་ཁྲིམས་དེ་ བཀལ་ཡོདཔ་ཨིན་པས།ཁོ་གིས་ མ་དངུལ་ལོག་སྤྱོད་འབད་མིའི་གྲས་ལས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༠ ལུ་ བེང་ཀོག་ལུ་ཡོད་མི་ བུམ་རང་རེ་སྨན་ཁང་ནང་ ངོ་མིང་ ཀིང་སོང་དབང་ཟེར་མིའི་དོན་ལུ་ སྨན་བཅོས་ཟད་འགྲོ་སྦེ་ ཐའི་གི་ཏི་རུ་ བཱཐ་ས་ཡ་༡.༧༣ བཏང་ཡོད་མི་དེ་ མཐོ་ཤོས་ཨིན་པས།ནདཔ་དེ་ སྤྱི་ལོ་༢༠༠༩ ལུ་ ཐིམ་ཕུག་ལུ་ སྟོན་པ་རྡོར་གདན་མའི་སྐུ་འདྲ་ བཞེངས་པའི་སྐབས་ ཐུག་རྐྱེན་བྱུངམ་ལས་ སྐུ་བཞེངས་མི་གཞི་ཚོགས་ཀྱིས་ སྨན་བཅོས་ཀྱི་ ཟད་འགྲོ་སྦེ་བཏང་ཡོད་རུང་ ཁོ་གིས་ སྨན་ཁང་དེ་ལུ་མ་སྤྲོད་པར་ ལོག་སྤྱོད་འབད་ནུག་ཟེར་ཨིན་པས།དེ་མ་ཚད་ ཁོ་རའི་ ཚེ་འདས་ཨའི་དེ་ སྨན་ཁང་དེ་ནང་ སྨན་བཅོས་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༦.༠༣༢ ཟད་འགྲོ་བཏང་ཡོད་མི་དེ་ཡང་ མ་སྤྲོད་པར་ཡོདཔ་ལས་ གཞུང་གིས་སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༠ ལུ་ སྤྲོད་ཡོདཔ་ཨིན་པས།དེ་མ་ཚད་ བཙན་གྲ་སྟོབས་རྒྱས་ཀྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༢༩༤ དང་འཁྲིལ་ བྱ་ངན་དེ་ཚུ་འབད་མི་དེ་ ཡིག་ཚང་གི་དབང་ཚད་ ལོག་སྤྱོད་འབད་བའི་ཉེས་འཛུགས་འབད་ཡོདཔ་ད་ ཨའི་གི་དོན་ལུ་ ཟད་འགྲོ་སྦེ་བཏང་མི་དེ་ལུ་ ཉེས་ཕྲའི་ཉེས་འཛུགས་ཐོག་ལས་ བཙོན་ཁྲིམས་ཟླཝ་༡ བཀལ་ཡོད་པའི་ཁར་ མ་དངུལ་དེ་ གཞུང་ལུ་ སོར་ཆུད་འབད་དགོ་པའི་བཀའ་རྒྱ་གནང་ནུག།ཁོ་གིས་ བེང་ཀོག་ལུ་སྡོད་པའི་སྐབས་ སྡོད་ཁྱིམ་གྱི་འཐུས་དང་ འཐུས་གཞན་ཚུ་ འཐོབ་ནི་ཡོད་མི་དེ་ལས་ ཁྱིམ་གྱི་ཇོ་བདག་ལས་ ཟླ་རིམ་བཞིན་དུ་ བཱཐ་༥༥༠༠ རེ་ ལེན་མི་དེ་ཡང་ ཚུལ་མིན་སྤྱོད་པའི་ཉེས་འཛུགས་འབད་ཡོདཔ་ད་ ཁོ་ལུ་གཞན་ཡང་ བྱ་ངན་ཁག་༩ འབད་བའི་ ཉེས་འཛུགས་འབད་མི་ཚུ་ཡང་ སྨན་བཅོས་དང་འབྲེལ་བའི་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩.༦༧ ལོག་སྤྱོད་འབད་བའི་ ཉེས་པ་ཕོག་ཡོདཔ་ལས་ དེ་ཚུ་ག་ར་ ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་སྟེ་ ཞག་གྲངས་༡༥ འི་ནང་འཁོད་ལུ་ ལོག་བཏབ་དགོ་པའི་ཁར་ དེ་མིན་ རིན་ཐང་དང་བསྟུན་པའི་ བཙོན་ཁྲིམས་འབག་དགོ་པའི་ བཀའ་རྒྱ་གནང་ནུག།བཙན་གྲ་སྟོབས་རྒྱས་ཀྱིས་ སྤྱི་ལོ་༢༠༡༠ ལུ་ ཐིམ་ཕུག་ལུ་ སཱག་ཞལ་འཛོམས་འཚོགས་པའི་སྐབས་ བློན་པོའི་གདན་ས་ནང་ མཁོ་སྒྲུབ་དང་འབྲེལ་བའི་ དངུལ་ཀྲམ་༤༩༢,༩༨༠ རྩིས་སྒྲིག་མ་འབད་བར་ ཡོད་མི་དེ་ཡང་ ལོག་བཏབ་དགོ་པའི་ཁར་ བཏབ་མ་ཚུགས་པ་ཅིན་ དེ་ཡང་ བཙོན་ཁྲིམས་འབག་དགོ་ནི་ཨིན་པའི་ཁར་ མ་དངུལ་དེ་ཚུ་ ཕྱི་འབྲེལ་ལྷན་ཁག་གིས་ བཏང་ཡོདཔ་ཨིན་པས།ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་དེ་ལུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ལོ་༣ འགོར་ཡོདཔ་ད་ ད་རུང་ལོ་༡ སྙན་ཞུ་བཟོ་ནིའི་དོན་ལུ་ འགོར་ཡོདཔ་ཨིན་པས།སྤྱི་ལོ་༢༠༡༤ ཟླ་༥ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ སྤྱི་ལོ་༢༠༠༨ སྤྱི་ཟླ་༧ པ་ཚུན་ གཞུང་ཚབ་ཡིག་ཚང་གི་ རྩིས་འཛིན་པ་གོངམ་ཅིག་གིས་ གཞུང་ཚབ་ཡིག་ཚང་གི་རྩིས་ཁྲ་ཚུ་ ཚུལ་ལྡན་སྦེ་བཞག་སྟེ་ དུས་མཐུན་གྱི་སྙན་ཞུ་ཚུ་ཡང་ དངུལ་རྩིས་ལྷན་ཁག་ལུ་ སྙན་ཞུ་ཚུ་ཕུལ་ཏེ་ཡོད་རུང་ བཙན་གྲ་སྟོབས་རྒྱས་ཀྱིས་ དངུལ་རྩིས་ལྷན་ཁག་ལས་འོང་མི་ མ་དངུལ་ཚུ་ག་ར་ ཆེད་དམིགས་ཐོག་ ཡུ་ཨེསི་ཌོ་ལར་གྱི་ རྩིས་ཁྲ་བཟོ་མི་ནང་ལས་ ཐད་ཀར་དུ་ བཏོན་ཏེ་ར་སྡོད་ཡོད་རུང་ གཞུང་ཚབ་ཡིག་ཚང་གིས་ མ་དངུལ་དེ་གིས་ ག་ཅི་ར་འབད་ཡོདཔ་ཨིན་ན་ མ་ཤེསཔ་སྦེ་ བཞག་ནུག་ཟེར་ཨིན་པས།ཉེས་ཅན་དེ་གིས་ ལོག་སྤྱོད་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ ཧེ་མ་ ཏི་རུའི་རྩིས་ཁྲ་བཞག་སྲོལ་ཡོད་མི་དེ་ཡང་ འཕྲོ་མཐུད་མ་འབད་བར་ བཞག་ཡོདཔ་ཨིན་པས།སྨན་བཅོས་འབད་བར་བཏང་མིའི་ ཟད་འགྲོ་མ་དངུལ་ཚུ་ འཛིན་སྐྱོང་ཚུལ་ལྡན་འཐབ་སྟེ་མེད་པའི་སྐོར་ལས་ སྤྱི་ལོ་༢༠༡༡ དེ་ཅིག་ཁར་ སྨན་བཅོས་དོན་ལུ་ གཞུང་གིས་ཟད་འགྲོ་མ་དངུལ་ཚུ་ དུས་མཐུན་བཏང་བཞིན་དུ་ཡོད་རུང་ ངོས་འཛིན་འབད་ཡོད་མི་ སྨན་ཁང་ལ་ལོ་དང་གཅིག་ཁར་ ཏི་རུ་མ་སྤྲོད་པར་བཞག་ཡོདཔ་སྦེ་ ཤེས་ཡོདཔ་ཨིན་པས།སྤྱི་ལོ་༢༠༠༧ ལས་༢༠༡༡ ཚུན་གྱི་བར་ན་ ཞིབ་དཔྱད་འབད་བའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་ཅན་དེ་གིས་ སྤྱི་ལོ་༢༠༠༨ ཟླ་༧ པ་ལས་ སྤྱི་ལོ་༢༠༡༠ ཟླ་༡༢ པའི་བར་ན་ སྨན་བཅོས་དང་ གཞན་སྨན་བཅོས་དང་འབྲེལ་བའི་ གནད་དོན་ཚུའི་དོན་ལུ་ ཟད་འགྲོ་སྦེ་ ཡུ་ཨེསི་ཌོ་ལར་ས་ཡ་༡.༤ དང་ ས་ཡ་༦༣.༥ དེ་ཅིག་ ཁོ་གིས་བཏོན་ཡོདཔ་སྦེ་ མཐོང་ནུག།དངུལ་རྩིས་ལྷན་ཁག་གིས་ སྤྱི་ལོ་༢༠༠༨ ལས་༢༠༡༠ གྱི་བར་ན་ སྨན་བཅོས་དང་ འགྲོ་འགྲུལ་དང་འབྲེལ་བའི་ ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ས་ཡ་༨༥ བཏང་ཡོད་རུང་ ཉེས་ཅན་གྱིས་ མ་དངུལ་དེ་ཚུ་ སྨན་བཅོས་ཀྱི་དོན་ལུ་མ་བཏང་པར་ ལོག་སྤྱོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།