ཡོན་ཏན་སློབ་དཔོན་གསརཔ་ སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ།

གཞུང་དགེ་འདུན་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ གསར་བསྐོ་གནང་ཡོདཔ།

༉ ཁ་ཙ་ བདག་ཅག་གི་ སྟོན་པའི་དུས་ཆེན་ལྔ་འཛོམས་དང་བསྟུན་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ རྟ་ལོག་བཤད་གྲྭའི་དབུ་འཛིན་ སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ་ལུ་ ལེགས་དར་གནང་ཐོག་ལས་ གཞུང་དགེ་འདུན་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་སྦེ་ བསྐོ་བཞག་གནང་ནུག།
དེ་ཡང་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ གྲྭ་ཚང་ལྷན་ཚོགས་ཀྱི་ གྲོས་འདེབས་ཐོག་ དམ་པའི་ངང་ཚུལ་དགུའི་ བྱིན་གྱིས་བརླབས་པའི་ བསྐྱེད་རྫོགས་ལ་མཁས་ཤིང་གྲུབ་པའི་ གཞུང་གྲྭ་ཚང་གི་ སློབ་ ལྷན་རྒྱས་ལྔ་ བསྐོ་བཞག་གནང་མིའི་གྲས་ལས་ ཡོན་ཏན་སློབ་དཔོན་གྱི་ ཕྱག་འགན་གཙོ་བོ་ར་ གསང་སྔགས་ཀུན་རྫོབ་བརྡའི་ཆོ་ག་ལག་ལེན་ཤེས་ཡོན་རྣམ་གཞག་དང་འབྲེལ་བའི་བྱ་ བར་དབང་འཛིན་བྱེད་པའི་བདག་པོ་སྦེ་ བཞུགས་ནི་དེ་ཨིན་པས།
གཞུང་དགེ་འདུན་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་ལྔཔོ་དེ་ཡང་ གཞུང་གི་བློན་པོ་ཚུ་དང་ གོ་གནས་འདྲ་མཉམ་ཨིན་པས།
སྤུ་ན་ཁ་རྟ་ལོག་ལས་ དགུང་ལོ་༤༡ བཞེས་མི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ་ཀྱིས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་ཐོག་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་དང་ གསང་སྔགས་ཆོས་འཁོར་བཤད་གྲྭ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལྕགས་རི་ལུ་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༦༨ པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་ལས་ དབང་ལུང་མན་ངག་ཡོངས་སུ་རྫོགས་པར་ཞུས་ཏེ་ ལྕགས་རི་རྡོ་རྗེ་གདན་སྒྲུབ་སྡེ་ལྟེ་བ་དང་ ཕ་ཇོ་སྡིངས་སྒྲུབ་སྡེ་ལྟེ་བ་ ལྷུང་མཚོ་དགོན་པ་ལུ་ ལོ་གསུམ་ཕྱོགས་གསུམ་ཐེངས་གསུམ་གནང་པའི་ཁར་ རི་ཁྲོད་ལུ་ཡང་ བཞུགས་ཡོདཔ་ཨིན་པས།
དེ་གིས་མ་དོ་བར་ ཡོན་ཏན་སློབ་དཔོན་གསརཔ་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་ རྡོ་རྗེ་སློབ་དཔོན་ཀུན་ལེགས་ཀྱིས་གཙོས་པའི་ མཁས་གྲུབ་ཀྱི་ བླ་སློབ་ཚུ་ལས་ གཞུང་རིག་གནས་དང་ དབང་ལུང་ མན་ངག་ཚུ་ ཡོངས་རྫོགས་སྦེ་ ཞུ་ནུག།
དེ་ལས་ སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ་ཀྱིས་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་དང་ ལྕགས་རིའི་སྒྲུབ་དཔོན་ ལྕགས་རིའི་དབུ་འཛིན་སྦེ་ ཕྱག་ཞུ་བའི་ཁར་ ད་ལྟོ་ ཡོན་ཏན་སློབ་དཔོན་གྱི་ གོ་གནས་མ་བཞེས་པའི་ཧེ་མར་ རྟ་ལོག་བཤད་གྲྭའི་ དབུ་འཛིན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *