གཞུང་དགེ་འདུན་གྲྭ་ཚང་གི་ བླ་སློབ་དང་ མཁན་པོ་ཚུ་གིས་ དུར་གའི་གསོལ་མཆོད་ནང་ གྲལ་གཏོགས་གནང་པའི་བསྒང་།

གཞུང་དགེ་འདུན་གྲྭ་ཚང་གི་ བླ་སློབ་ཚུ་གིས་ དུར་གའི་གསོལ་མཆོད་ ནང་གྲལ་གཏོགས།

༉ ཁ་ཙ་ གཙུག་ལག་སློབ་དཔོན་གྱིས་ འགོ་ཁྲིད་ཐོག་ གཞུང་དགེ་འདུན་གྲྭ་ཚང་གི་ སློབ་དཔོན་དང་ སྤྲུལ་སྐུ་ རྫོང་ཁག་༢༠ གི་ བླམ་གནས་བརྟན་ མཁན་པོ་ཚུ་གིས་ ཐིམ་ཕུག་ལུ་ ཧིན་དུ་ལྷ་ཁང་ནང་ དུར་ག་པུ་ཇམ་ ལྷ་མོ་རྫོང་གཉེན་མའི་ གསོལ་མཆོད་གནང་སར་ བྱོན་གནང་ཡོདཔ་ཨིན་པས།
གཞུང་དགེ་འདུན་གྲྭ་ཚང་ལས་ བླ་སློབ་སྡེ་ཚན་སྦོམ་སྦེ་ ཧིན་དུའི་ལྷ་ཁང་ནང་ བྱོན་ཐོག་ལས་ ཐུགས་སྨོན་གནང་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ བླ་སློབ་ཚུ་ ད་རེས་ནངས་པར་ ཀུན་གསལ་ཕོ་བྲང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ ལྗགས་ལུང་ཞུ་བའི་བསྒང་ཡོདཔ་ལས་ བར་མཚམས་ཀྱི་སྐབས་ དུར་གའི་གསོལ་མཆོད་གནང་སར་ བྱོན་ཡོདཔ་ཨིན་པས།
ཧིན་དུ་དར་མར་ས་མུ་ད་ཡའི་ མདོ་ཆེན་བཀོད་ཚོགས་ཀྱི་ འཐུས་མི་དང་ ཆོས་སྡེ་ལྷན་ཚོགས་ཀྱི་འཐུས་ཚབ་ པཎྜི་ཏ་ མ་ཧ་དེབ་ ཨ་དི་ཀ་རི་གིས་ དུར་ག་གསོལ་མཆོད་ནང་ གཞུང་དགེ་འདུན་གྲྭ་ཚང་ལས་ འཐུས་མི་ཚུ་ བྱོན་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ ཞུཝ་ཨིན་པས།
ཧིན་དུའི་འཐུས་མི་ཚུ་གིས་ ཉིན་གྲངས་༩ གི་རིང་ ལྷ་མོ་རྫོང་གཉེན་མ་ལུ་ གསོལ་མཆོག་ཕུལ་མི་དེ་ ལོ་བསྟར་གྱི་ ལས་རིམ་ཅིག་ཨིནམ་བཞིན་དུ་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་ཁབ་ མི་སེར་ཚུ་ ཞི་བདེ་དང་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིནམ་ད་ གསོལ་མཆོད་དེ་ ནངས་པར་འགྲོལ་ནི་དང་ དེ་གི་ཤུལ་ལས་ དཱ་ས་ཡེན་ཊི་ཀ་དུས་སྟོན་དེ་ འགོ་བཙུགས་ནི་ཨིན་པས།
དཱསི་ཤེ་ར་ཟེར་ཡང་སླབ་མི་ དཱ་ས་ཡེན་དེ་ ཧིན་དུའི་དུས་སྟོན་ གལ་གནད་ཅན་ཅིག་ཨིནམ་ལས་ འཛམ་གླིང་ནང་ ཧིན་དུའི་མི་སེར་ཐེར་འབུམ་ལས་བཅད་མི་ཚུ་གིས་ བརྩི་སྲུང་འབད་དོ་ཡོདཔ་ད་ དཱ་ས་ཡེན་དེ་ ལྷ་མོ་རྫོང་གཉེན་མའི་ གསོལ་མཆོད་ཕུལ་ཏེ་ ཉིནམ་༡༠ པའི་ནང་ ཊི་ཀ་དང་བཅསཔ་སྦེ་ བརྩི་སྲུང་འབདཝ་ཨིན་པས།
དུར་ག་པུ་ཇ་ཟེར་མི་དེ་ ལྷ་མོ་རྫོང་གཉེན་མ་ལུ་ གསོལཝ་བཏབ་པའི་ དུས་སྟོན་ཅིག་ཨིནམ་ད་ ལྷ་མོ་དུར་ག་དེ་གི་ སྤྲུལ་པ་གཞན་ཡང་ མ་ཧཱ་ཀ་ལི་དང་ མ་ཧཱ་ས་ར་ས་ཝ་ཏི་ མ་ཧཱ་ལཱཆ་མི་ཟེར་མི་ཡང་ བརྩི་སྲོལ་ཡོདཔ་ཨིན་པས།
ཧིན་དུའི་ལོ་རྒྱུས་ ར་མ་ཡ་ན་ཟེར་མིའི་ ནང་ལས་འབད་བ་ཅིན་ རྒྱལཔོ་ར་མ་ཅཱན་ད་ར་གིས་ ཉིན་གྲངས་༩ གི་རིང་ ལྷ་མོ་དུར་ག་ལུ་ གསོལ་མཆོད་ཕུལ་ཏེ་ གསོལ་བ་བཏབ་པའི་ཤུལ་ལུ་ ཉིནམ་༡༠ ལུ་ མཆོད་ཁང་ནང་ལས་ ཊི་ཀ་བཞེས་ཏེ་ སོང་ཞིནམ་ལས་ བདུད་རྒྱལ་ར་ཝ་ན་ལས་ རྒྱལ་ཁ་ཐོབ་པའི་ དུས་དྲན་སྦེ་ བརྩིཝ་ཨིནམ་ད་ དཱ་ས་ཡེན་དུས་སྟོན་དེ བཟང་པོ་གིས་ ངན་པ་ཕམ་བཏང་པའི་ རྟགས་མཚན་ཅིག་ཨིན་པས།
དེ་འབདཝ་ལས་ དཱ་ས་ཡེན་དུས་སྟོན་དེ་ སྤྱི་ལོ་༡༩༨༠ ལུ་ རྒྱལ་ཡོངས་ཀྱི་ ངལ་གསོ་སྦེ་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *