གཞུང་གིས་ སློབ་རིམ་༡༠ པའི་ སྐུགས་ཀྱི་ཚད་གཞི་ལུ་ བརྟག་ཞིབ་འབད་དོ་ཡོདཔ།

༉ ཤེས་རིག་ལྷན་ཁག་གིས་ སློབ་རིམ་༡༠ པ་མཇུག་བསྡུ་མི་ཚུ་གིས་ སྐུགས་ཚད་ཀྱི་ ཚད་གཞི་མེད་པར་ སློབ་རིམ་༡༢ པ་ཚུན་ འཕྲོ་མཐུད་ཤེས་ཡོན་སྦྱང་བཅུག་ནིའི་དོན་ལུ་ འོས་ལྡན་ཐོག་ལས་ ག་དེ་སྦེ་ མེདཔ་བཟོ་ཚུགས་ནི་ཨིན་ནའི་ ཞིབ་འཇུག་འབད་དོ་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ཇའི་བིར་ རའི་གིས་ བཤད་མིའི་ནང་ གནད་དོན་དེ་ལུ་ ཞིབ་འཚོལ་འབད་ནིའི་དོན་ལས་ ཟླཝ་༦ དེ་ཅིག་ འགོར་ནི་བཟུམ་འདུག་ཟེར་ཨིན་པས།
ལས་རིམ་དེ་ སྤྱི་ལོ་༢༠༢༠ ལས་ ཐག་བཅད་ཚུགས་པའི་ རེ་བ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཤེས་པའི་ཁར་ ལྷན་ཁག་གིས་ མཐོ་རིམ་སློབ་གྲྭ་ཚུ་ནང་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ ཆ་ཚད་ལྡན་ཡོད་པ་ཅིན་ ཆོས་ཚན་ཚུ་ ཡར་སེང་འབད་ནིའི་ འཆར་གཞི་ཡོད་མི་ལུ་ བསྐྱར་ཞིབ་འབད་འོང་ཟེར་ཨིན་པས།
མཐུན་རྐྱེན་ཚུ་ མེད་པ་ཅིན་ སྒེར་སྡེ་ཚུ་ དེ་ནང་ བཅའ་མར་གཏོགས་བཅུག་འོང་ཟེར་ བློན་པོ་གིས་ བཤདཔ་མ་ཚད་ སློབ་རིམ་༡༡ པའི་ནང་ ད་ལྟོ་ཡོད་མི་ ཆོས་ཚན་གསུམ་སྦེ་ར་ འཕྲོ་རྒྱུན་བཞག་པ་ཅིན་ ལོ་གཉིས་ཀྱི་ཤུལ་ལས་ ད་རེས་ དཀའ་ངལ་ཡོད་མི་དེ་ འཕྲོ་མཐུད་འཐོན་འོང་ཟེར་ཨིན་པས།
དཀའ་ངལ་དེ་ལུ་ མཐིལ་ཕྱིན་སྦེ་ བལྟ་དགོཔ་ཡོད་པའི་ཁར་ འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ འཕྲུལ་རིག་ལག་སྦྱོང་ཤེས་ཡོན་དང་ སྦྱོང་བརྡར་འགོ་བཙུགས་ནི་ཚུ་ཡང་ བལྟ་དོ་ཟེར་ བློན་པོ་གིས་ བཤད་ཅི།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ མཐའན་མཇུག་ལུ་ སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ནང་ལས་ མཐར་འཁྱོལ་མི་ ན་གཞོན་ཚུ་ལུ་ ལག་ཤེས་དང་ ཤེས་ཡོན་བྱིན་ཐོག་ལས་ ལཱ་གཡོག་འཐོབ་ཚུགསཔ་ བཟོ་ནི་ཟེར་ཨིན་པས།
སྤྱི་ལོ་༢༠༢༠ ལས་ ལག་ཤེས་སྦྱོང་བརྡར་ མོ་བཏབ་ཐོག་ འགོ་བཙུགས་ནིའི་དོན་ལུ་ སློབ་གྲྭ་༧ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ སྐུགས་ཀྱི་ཚད་གཞི་མེདཔ་ལས་ ཁྲིམས་འབྲེལ་གྱི་ གནད་དོན་ཡང་ མི་འཐོན་ནི་མས་ཟེར་ཨིནམ་ད་ ཧེ་མ་ མཐུན་རྐྱེན་ཚུ་མེདཔ་ལས་ ལྷན་ཁག་གིས་ སྐུགས་ཀྱི་ཚད་གཞི་བཟོ་སྟེ་འདུག་ཟེར་ཨིན་པས།
མཐུན་རྐྱེན་ཚུ་ ཚང་སྟེ་ཡོད་པ་ཅིན་ སྐུགས་ཚད་ཀྱི་ཚད་གཞི་ཡང་ འོང་དགོཔ་མེད་པའི་ཁར་ དཀའ་ངལ་ཡང་ མི་ཐོན་ཟེར་ བློན་པོ་གིས་ བཤད་ཅི།
ལྷན་ཁག་གིས་ ག་དེ་དྲག་དྲག་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནིའི་ནང་ གཙོ་རིམ་བཟུང་ནི་ཨིནམ་ད་ སློབ་ཕྲུག་ཚུ་གིས་ སྐུགས་ཚད་མེད་པར་ ཆོས་ཚན་ཚུ་ ཡར་སེང་འབད་བའི་ཤུལ་ལས་ ཤེས་ཡོན་ལྷབ་ནིའི་དོན་ལུ་ གདམ་ཁ་མངམ་ འཐོབ་ཚུགས་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ད་རེས་ཀྱི་ གནས་སྟངས་ནང་ སློབ་རིམ་༡༡ པ་དང་༡༢ པའི་ ཆོས་ཚན་ལྷབ་སྟེ་ མཐར་འཁྱོལ་མི་ཚུ་གི་དོན་ལུ་ ལཱ་གཡོག་གི་ གོ་སྐབས་མེདཔ་ལས་ དེ་གི་གནས་ཚད་ནང་ ཁྱད་རིག་གི་ ཆོས་ཚན་ཚུ་ བཙུགས་དགོཔ་འདུག་ཟེར་ གསུངསམ་ཨིན་པས།
ད་རེས་ཡོད་མི་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་གི་ ཆོས་ཚན་ཚུ་ཡང་ བསྐྱར་ཞིབ་འབད་དེ་ འབྲིང་རིམ་སློབ་གྲྭ་གོང་མའི་ གནས་ཚད་ཀྱི་དོན་ལུ འོས་འབབ་ཡོདཔ་སྦེ་ བཟོ་ནི་ཨིན་པས།
ང་བཅས་ཀྱིས་ འབྲིང་རིམ་སློབ་གྲྭ་གོང་མའི་ གནས་ཚད་ནང་ ལག་ཤེས་སྦྱོང་བརྡར་གྱི་ ཆོས་ཚན་ཚུ་ བཙུགས་ནིའི་དོན་ལུ་ ཞིབ་འཚོལ་ཚུ་ འབད་དོ་ཟེར་ ཤེས་རིག་བློན་པོ་གིས་ བཤད་ཅི།
བློན་ཆེན་གྱིས་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ སློབ་རིམ་༡༠ པ་མཇུག་བསྡུ་མི་ཚུ་ལུ་ སྐུགས་ཚད་ཀྱི་ ཚད་གཞི་མེདཔ་བཟོ་ནི་སྦེ་ཡོད་ཟེར་ གསུངས་ཡོདཔ་ད་ སློབ་རིམ་༡༠ པ་མཇུག་བསྡུ་མི་མང་ཤོས་ སྐྱེས་ལོ་༡༥ དང་༡༦ ལས་ མ་ལང་ནི་དེ་གིས་ ཁོང་གི་དོན་ལུ་ ཁེ་རྒུད་མི་བཏུབ་པས་ཟེར་ གསུངསམ་ཨིན་པས།
བློན་ཆེན་གྱིས་ སློབ་རིམ་༡༠ པ་མཐར་འཁྱོལ་ནིའི་དོན་ལུ་ སྐུགས་ཚད་བརྒྱ་ཆ་༣༥ ཨིན་པའི་ཁར་ སློབ་རིམ་༡༡ པ་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ སྐུགས་ཚད་༥༠ ཡོདཔ་ལས་ སློབ་རིམ་༡༠ པ་མཇུག་བསྡུ་མི་ ལེ་ཤ་ཡོདཔ་ལས་ དེ་ནང་ ཁྱད་པར་སྦོམ་འདུག་ཟེར་ གསུངསམ་ཨིན་པས།
དེ་འབདཝ་ལས་ སྐྱེས་ལོ་༡༥ ལང་མི་ཚུ་གིས་ ལཱ་གཡོག་འཚོལ་བར་འགྱོ་ས་མཐོངམ་ད་ འོས་འབབ་མི་མཐོང་པའི་ཁར་ ཁྲིམས་ལས་བཅད་རུང་ འོས་འབབ་མིན་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ སྲིད་བྱུས་སོར་དགོ་མི་དེ་ཡང་ དུས་ཀྱི་འགྱུར་བ་དང་བསྟུན་ཨིན་ཟེར་ གསུངས་པའི་ཁར་ གཞུང་གིས་ མཐར་འཁྱོལ་སྐུགས་ཚད་ ཡར་སེང་འབད་དེ་ ག་ར་གིས་ སློབ་རིམ་༡༡ པའི་ནང་ ལྷབ་ནི་གི་ གོ་སྐབས་བཟོ་ནི་ཟེར་ གསུངསམ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *