གཞུང་གིས་ སྤྱི་ལོ་༢༠༡༦ གི་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ གསར་བཏོན་མ་འབད་བར་ཡོདཔ།

༉ ཁ་ཙ་ འབྲུག་ཕུན་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གཞུང་གིས་ སྤྱི་ལོ་༢༠༡༦ གི་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ གསར་བཏོན་མ་འབད་མི་དེ་ཡང་ རྒྱལ་ཁབ་དང་ མི་སེར་ལུ་ མགུ་སྐོར་རྐྱབ་དོ་བཟུམ་ཅིག་ ཨིན་མས་ཟེར་ཨིན་པས།
གཞུང་གིས་ ལཱ་གཡོག་བརྟག་ཞིབ་དེ་ ཟླཝ་༨ ཀྱི་ཧེ་མ་ལས་ མཇུག་བསྡུ་ཡོད་རུང་ ད་ལྟོའི་བར་ན་ཡང་ གསར་བཏོན་ མ་འབད་བས་ཟེར་ཨིནམ་ད་ སྙན་ཞུ་དེ་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ གསར་བཏོན་འབད་དགོཔ་ཅིག་ཨིན་ཟེར་ ཨིན་པས།
འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ གསར་བཏོན་མི་འབད་ཟེར་ དོགས་སེལ་འབད་ཡོདཔ་ལས་ གཞུང་གིས་ ལཱ་གཡོག་བརྒྱ་ཆ་ལས་༡༠༠ བྱིན་ནིའི་ ཁས་བླངས་འབད་མི་དེ་ལུ་ལྟཝ་ད་ མགུ་སྐོར་རྐྱབ་དོ་བཟུམ་ཅིག་ ཨིན་མས་ཟེར་ཨིན་པས།
གཞུང་གིས་ ལཱ་གཡོག་སྙན་ཞུ་ གསར་བཏོན་མ་འབད་མི་ གནད་དོན་གཙོ་བོ་ར་ རྒྱལ་ཡོངས་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་དང་ འབྲུག་འཚོ་སྐྱོང་གནས་ཚད་བརྟག་ཞིབ་སྙན་ཞུ་༢ ལུ་བརྟེན་ ལཱ་གཡོག་གི་གནས་སྡུད་ སོ་སོར་སྦེ་ འཐོན་ནི་མས་ཟེར་བའི་ རྒྱུ་མཚན་བཀོདཔ་ཨིན་པས།
གནས་ཚུལ་གསར་བཏོན་ནང་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་བ་ཅིན་ ལཱ་གཡོག་མ་ཐོབ་པའི་ གནས་སྡུད་དེ་ རྣམ་རྟོག་ལང་ནི་ཨིནམ་ལས་བརྟེན་ དོན་ཆེད་སྦེ་ར་ གཞུང་གིས་ གསར་བཏོན་མི་འབད་བས་ཟེར་ཨིན་པས།
ལཱ་གཡོག་བྱིན་ནིའི་དོན་ལུ་ ལཱ་གཡོག་གི་སྙན་ཞུ་དེ་ རྒྱབ་རྟེན་གཙོ་བོ་ཅན་ཅིག་ཨིནམ་ད་ སྙན་ཞུ་གཞན་ཚུ་བཟུམ་སྦེ་ གསར་བཏོན་འབད་དགོ་ཟེར་ཨིནམ་ད་ སྙན་ཞུ་ག་ར་ བརྟག་ཞིབ་དེ་ དུས་ཚོད་སོ་སོར་སྦེ་ ཡོདཔ་ཨིན་པས།
འདས་པའི་ དྲི་བ་དྲིས་ལན་འབད་བའི་སྐབས་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ ཐེངས་༡༤ པ་ གསར་བཏོན་མ་འབད་མི་དེ་ཡང་ སྙན་ཞུ་ལ་ལོ་ཅིག་ནང་ དུམ་གྲ་ཅིག་ ནོར་སྐྱོན་ཡོདཔ་ལས་ བསྐྱར་ཞིབ་འབད་དོ་ཟེར་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ ལཱ་གཡོག་གི་ བརྟག་ཞིབ་འབད་བའི་སྐབས་ ལཱ་གཡོག་ཐབས་རིག་སྡེ་ཚན་གྱིས་ ཐབས་རིག་གི་ དཔེ་ཚད་ནང་ སྟབས་མ་བདེཝ་དང་ བརྟག་ཞིབ་ཀྱི་ཐབས་ལམ་ དེ་ལས་ ལཱ་གཡོག་གི་ངེས་ཚིག་ལུ་ སྐྱོན་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ལས་ གསར་བཏོན་འབད་མ་ཚུགས་ཟེར་ཨིན་པས།
འབྲུག་ཕུན་ཚོགས་པ་གིས་འབད་བ་ཅིན་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་དེ་ སྤྱི་ལོ་༢༠༡༦ གི་ ཟླ་༡༡ པའི་ཚེས་༢༣ ལས་ ཟླ་༡༢ པའི་ཚེས་༢༢ ཚུན་འབད་ནུག་ཟེར་ཨིནམ་ད་ ཨིན་རུང་ རྒྱལ་ཡོངས་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་དེ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣༠ ལས་ ཟླ་༦ པའི་ཚེས་༡ ཚུན་དང་ འབྲུག་འཚོ་སྐྱོང་གནས་ཚད་བརྟག་ཞིབ་དེ་ སྤྱི་ཟླ་༣ པའི་ཚེས་༡ ལས་ ཟླ་༤ པའི་ཚེས་༣༠ ཚུན་འབད་ནུག་ཟེར་ཨིན་པས།
སྤྱི་ལོ་༡༩༩༨ ལས་ འགོ་བཙུགས་ཏེ་ གཞུང་གིས་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་ གསར་བཏོན་མ་འབད་མི་དེ་ འགོ་ཐོག་ཨིནམ་མ་ཚད་ མི་སེར་ཚུ་ལུ་ བདེན་པའི་བརྡ་དོན་བྱིན་ནི་ལུ་ བཀག་ཆ་འབད་ཡོདཔ་མ་ཚད་ མི་མང་དང་ རྒྱལ་ཁབ་ལུ་ གཡོ་སྒྱུ་འབདཝ་མས་ཟེར་ འབྲུག་ཕུན་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཚོགས་པ་ཚུ་གིས་འབད་བ་ཅིན་ གཞུང་གིས་ སྤྱི་ལོ་༢༠༡༦ གི་ ལཱ་གཡོག་བརྟག་ཞིབ་ སྙན་ཞུ་དེ་ དེ་འཕྲོ་ལས་ གསར་བཏོན་འབད་དགོཔ་ཅིག་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ ལཱ་གཡོག་མ་ཐོབ་པའི་ གནས་སྡུད་དེ་ རྒྱལ་ཡོངས་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ཀྱི་ སྙན་ཞུ་དང་འཁྲིལ་ཏེ་ འབད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ རྒྱལ་ཡོངས་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ཀྱི་ སྙན་ཞུ་དེ་ལུ་ རྒྱལ་སྤྱི་གནས་རིམ་ནང་ བརྒྱ་ཆ་༩༩ ངེས་ཏིག་ཨིནམ་སྦེ་ ཆ་བཞག་དོ་ཟེར་ ལས་གཡོག་ལྷན་ཁག་གིས་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ཨིན།
འབྲུག་འཚོ་སྐྱོང་གནས་ཚད་དང་ རྒྱལ་ཡོངས་མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ཚུ་ལུ་ བརྟག་ཞིབ་འབད་ཡོདཔ་ལས་ རྒྱལ་ཁབ་ནང་ གནས་སྡུད་སོ་སོར་མི་འཐོན་ནི་དང་ མི་མང་དང་ སྲིད་བྱུས་རྩམ་མི་ཚུ་ཡང་ སྙན་ཞུ་ལེ་ཤ་ཡོད་མི་ལུ་བརྟེན་ མགུ་འཐོམ་མི་འབྱུང་ནིའི་དོན་ལུ་ བསྒུག་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གིས་ ཧེ་མའི་སྙན་ཞུ་ཚུ་ བསྐྱར་ཞིབ་མ་འབད་རུང་ སྙན་ཞུ་ལག་ལེན་འཐབ་མི་ཚུ་གིས་ སྙན་ཞུ་ནང་ སྟབས་མ་བདེཝ་བྱུང་བའི་ བསམ་ལན་ལྷོད་ཞིནམ་ལས་ཚུར་ བསྐྱར་ཞིབ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སང་ཕོད་ཀྱི་ ལཱ་གཡོག་བརྟག་ཞིབ་དེ་ ཐབས་ལམ་དང་ དཔེ་ཚད་ལེགས་ཤོམ་ཐོག་ལུ་ འགོ་འདྲེན་འཐབ་ནི་གི་ ལས་འཆར་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *