གཞུང་གིས་ རྩོད་དཔོན་ཡོངས་ཁྱབ་ རང་འཇགས་སྦེ་ བཞག་ནིའི་འཆར་གཞི་ཡོདཔ།

༉ གཞུང་གིས་ འདས་པའི་གཞུང་གིས་ བསྐོ་བཞག་འབད་མི་ རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་དེ་ གཞན་གསར་བསྐོ་མ་འབད་བར་ རང་འཇགས་སྦེ་ བཞག་ནི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ བློན་ཆེན་དང་ བརྡ་བརྒྱུད་ཀྱི་བར་ན་ བདུན་རིམ་གྱི་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་ཡི།
རྩོད་དཔོན་ཡོངས་ཁྱབ་དེ་ བསྐོ་བཞག་འབད་ནིའི་ དབང་ཚད་ཧྲིལ་པོར་ བློན་ཆེན་ལུ་ཡོདཔ་ད་ ཤེས་ར་ལྷུན་གྲུབ་དེ་ སྤྱི་ལོ་༢༠༡༥ ཟླ་༥ པའི་ཚེས་༢༢ ལུ་ བསྐོ་བཞག་གནང་ཡོདཔ་ལས་ ལོ་༥ འི་གནས་ཡུན་ཚང་ནི་ལུ་ ད་རུང་ ལོ་༡ དང་ ཟླཝ་༧ དེ་ཅིག་ཡོདཔ་ཨིན་པས།
བློན་ཆེན་གྱིས་ བརྡ་བརྒྱུད་ལུ་ གསུངས་མིའི་ནང་ གཞུང་གིས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ རྩོད་དཔོན་ཡོངས་ཁྱབ་ སོར་ནི་གི་ མནོ་བསམ་མེད་མི་དེ་ཡང་ སྲིད་ཚོགས་ལུ་བརྟེན་ རྒྱལ་ཁབ་ཁག་དབྱེ་ཉེན་ཡོད་པའི་ བསྐོ་བཞག་འབད་ནི་ཚུ་ ག་དེ་དྲག་དྲག་ འཛེམ་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ ད་ལྟོའི་ རྩོད་དཔོན་ཡོངས་ཁྱབ་ཀྱི་ གནས་ཡུན་དེ་ མཇུག་བསྡུ་བའི་ཤུལ་ལུ་ གནད་དོན་དེ་གི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་རུང་ གསརཔ་བསྐོ་བཞག་འབད་ནི་ ཡང་ཅིན་ བསྒྱུར་བཅོས་ཧྲིལ་བུ་འབད་ནིའི་ མནོ་བསམ་མེད་ཟེར་ཨིན་པས།
ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཕོ་མོ་ག་འབད་རུང་ ལམ་ལུགས་དང་འཁྲིལ་ ཕྱག་ཞུ་བ་ཅིན་ མི་ག་འབད་རུང་ སེམས་དགའ་འོང་ཟེར་ གསུངས་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ ཕྱག་ལེགས་ཤོམ་སྦེ་ཞུ་བ་ཅིན་ ང་བཅས་ལུ་ དཀའ་ངལ་ག་ནི་ཡང་མེདཔ་མ་ཚད་ ད་ལྟོ་ ཁོ་གིས་ ཕྱག་ཞུ་མི་ལུ་བལྟ་སྟེ་ ང་བཅས་བསམ་པ་རྫོགས་ཏེ་ཡོད་ཟེར་ གསུངས་ཡི།
ཨིན་རུང་ གཞུང་གིས་ དགོས་མཁོ་དང་འཁྲིལ་ གལ་ཅན་གྱི་ གྲོས་ཆོད་བཏོན་ནི་ལུ་ཡང་ གཡང་མི་ཟ་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྩོད་དཔོན་ཡོངས་ཁྱབ་ཀྱི་ བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་དེ་ སྲིད་དོན་དང་འབྲེལ་བ་ མེད་མི་ཅིག་ དགོ་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་དེ་ འབྲུག་རྒྱལ་པོ་དང་ བློན་ཆེན་ལུ་ འགན་འཁྲི་ཕོག་ཟེར་ བཀོད་དེ་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ བློན་ཆེན་གྱི་ གྲོས་འདེབས་ཐོག་ འབྲུག་རྒྱལ་པོ་མཆོག་གིས་ སྐུ་ཉིད་ཀྱི་ ཕྱག་རྟགས་དང་ ཕྱག་དམ་ཅན་གྱི་ བཀའ་འཐམ་ཐོག་ལུ་ ཁྱད་ལྡན་གྱི་ མཁས་མཆོག་ཅིག་ རྩོད་དཔོན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ནི་སྦེ་འཁོད་ནུག།
རྩ་ཁྲིམས་ཆེན་མོའི་ནང་ རྩོད་དཔོན་ཡོངས་ཁྱབ་ཀྱི་ གནས་ཡུན་གྱི་སྐོར་ལས་ འཁོད་དེ་མེད་རུང་ རྩོད་དཔོན་ཡོངས་ཁྱབ་ཀྱི་བཅའ་ཁྲིམས་ནང་ རྩོད་དཔོན་ཡོངས་ཁྱབ་ཀྱི་ གནས་ཡུན་དེ་ ལོ་༥ དང་ ཡང་ཅིན་ སྐྱེས་ལོ་༦༥ མ་ལང་ཚུན་ ག་ཧ་མི་དེ་ལུ་ གནས་དགོཔ་སྦེ་ འཁོད་དེ་འདུག།
བཅའ་ཁྲིམས་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་དེ་ གནས་ཡུན་༢ ཚུན་ བསྐོ་བཞག་འབད་ཆོགཔ་སྦེ་ བཀོད་ཡོདཔ་ད་ དངུལ་ཕོགས་དང་ ཐོབ་དབང་ཚུ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་དང་ འདྲན་འདྲ་སྦེ་ བྱིན་དགོཔ་སྦེ་ བཀོད་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་དེ་ ཁྲིམས་དོན་འགོ་དཔོན་གཙོ་བོ་འབད་ནི་དེ་གིས་ གཞུང་གི་ ཁྲིམས་དོན་གྲོས་དཔོན་དང་ ཁྲིམས་དོན་གྱི་ སྐུ་ཚབ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *