གཞུང་གིས་ འཆར་གཞིའི་དུས་ཡུན་དང་ གཞུང་གི་གནས་ཡུན་ རིམ་སྒྲིག་འབད་ནི།

སྤྱིར་བཏང་ ལོ་ལྔའི་འཆར་གཞི་༡༢ པ་དེ་ མཐའ་བཅད་བཟོ་ཡོད་རུང་ གཞུང་གསར་པའི་ བཙག་འཐུའི་དུས་ཡུན་ ཕྱི་བཤོལ་ལུས་མི་གིས་ གོང་འཕེལ་གྱི་ ལས་འཆར་ཚུ་ བསྣར་འགྱངས་ལུས་ཏེ་ བྱ་སྟབས་མ་བདེཝ་ བྱུང་དོ་ཡོདཔ་ལས་ དཀའ་ངལ་དེ་སེལ་ཐབས་ལུ་ གཞུང་གིས་ ལོ་༥ འི་ འཆར་གཞི་དུས་ཡུན་དང་ གཞུང་རེ་གི་ གནས་ཡུན་གཉིས་ གཅིག་གྱུར་རིམ་སྒྲིག་ འབད་ནིའི་འཆར་གཞི་ ཡོདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་དང་ གཞུང་གི་མགྲིན་ཚབ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཞུང་གི་གནས་ཡུན་ མཇུག་བསྡུ་བའི་སྐབས་ ག་ནི་བ་གལ་ཆེ་བའི་ གོང་འཕེལ་གྱི་ལཱ་འབད་ནི་ལུ་ ཐོ་ཕོག་བཅུག་ནི་ མི་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ང་བཅས་རའི་ དཔལ་འབྱོར་གོང་འཕེལ་གྱི་ ལོ་༥ འི་དུས་ཚོད་དང་འཁྲིལ་ཏེ་ ལག་ལེན་བསྟར་སྤྱོད་འབད་ནི་མེན་པར་ བཙག་འཐུའི་དུས་ཡུན་དང་གཅིག་ཁར་ འགྱོ་དགོ་ཟེར་ཨིན་པས།

སྤྱི་ལོ་༢༠༡༨ ཟླ་༦ པའི་ཚེས་༣༠ ལུ་ འཆར་གཞི་༡༡ པ་ མཇུག་བསྡུ་ཞིནམ་ལས་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ ལས་སྣ་ཚུ་ འབད་མ་ཚུགས་པར་ ལུས་མི་དེ་ཡང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ བཙག་འཐུ་གྲུབ་སྟེ་ སྤྱི་ལོ་༢༠༡༨ ཟླ་༡༡ པའི་ཚེས་༧ ལུ་མ་གཏོགས་ ཡིག་ཚང་ནང་ འཛུལ་བཞུགས་འབད་མ་ཚུགས་པའི་ཁར་ འཆར་གཞི་༡༢ པ་དེ་ སྤྱི་ཟླ་དང་པའི་ནང་ལས་ར་ ཆ་འཇོག་འབད་ནུག་ཟེར་ཨིན་པས།

ཕྱི་འབྲེལ་བློན་པོ་གིས་ བཤད་མིའི་ནང་ འཆར་གཞི་གི་ དུས་ཚོད་དེ་ ལོ་༥ འི་འཆར་གཞི་ མཇུག་བསྡུཝ་ཅིག་ ལོག་འཆར་གཞི་གསརཔ་ འགོ་བཙུགས་མི་དང་ གཞུང་གི་གནས་ཡུན་ ཤུལ་ལས་ཚང་སྟེ་ དགོངས་ཞུ་དང་ གསརཔ་བཙག་འཐུ་གྲུབ་སྟེ་ གཞུང་དབུ་བརྙེས་ཏེ་འབདཝ་ད་ དུས་ཡུན་ཟླཝ་༦ དེ་གི་རྩིས་ འཆར་གཞིའི་ཕྱག་ལཱ་ཚུ་ འབད་མ་ཚུགས་པར་ འཕྲོ་བརླགས་འགྱོཝ་མས་ཟེར་ཨིན་པས།

ད་ལྟོ་གཞུང་གི་ གནས་ཡུན་དེ་ སྤྱི་ལོ་༢༠༢༣ ཟླ་༡༡ པའི་ནང་ ཚང་དགོ་ནི་ཨིན་རུང་ ཕྱི་འབྲེལ་བློན་པོ་གིས་ འཆར་གཞི་༡༢ པའི་ ལས་སྣ་ཚུ་ སྤྱི་ལོ་༢༠༢༤ ཟླ་༦ པ་ཚུན་ བཞག་ནིའི་དོན་ལུ་ གྲོས་གཞི་བཙུགས་ནི་ཟེར་ཨིན་མི་དེ་ཡང་ ཤུལ་མའི་གཞུང་གིས་ འཆར་གཞི་༡༣ པ་དེ་ ལག་ལེན་འཐབ་པའི་སྐབས་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

འདས་པའི་གཞུང་༢ ཀྱི་སྐབས་ལུ་འབད་བ་ཅིན་ འཆར་གཞིའི་དུས་ཚོད་དེ་ རྩིས་ལོ་དང་ དུས་མཉམ་ཕོག་རུང་ སྟབས་མ་བདེཝ་ མ་བྱུང་མི་དེ་ བཙག་འཐུ་ལས་གྲུབ་པའི་ གཞུང་དང་པ་གིས་ སྤྱི་ལོ་༢༠༠༨ ལུ་ འཆར་གཞི་༡༠ པ་ འགོ་བཙུགས་ནི་ལུ་ ཟླཝ་༣ གྱི་ཧེ་མར་ ཡིག་ཚང་ནང་ འཛུལ་ཞུགས་འབད་ནུག།

གཞུང་༢ པའི་ཐད་ཀར་ སྤྱི་ལོ་༢༠༡༣ ཟླ་༧ པའི་ནང་ གཞུང་སྐྱོང་གི་ཡིག་ཚང་ རྩིས་ལེན་ཚུགས་ནི་དེ་གིས་ འཆར་གཞི་༡༡ པ་དེ་ དེ་འཕྲོ་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

གལ་སྲིད་ གནད་དོན་དེ་ སེལ་ཐབས་འབད་མ་ཚུགས་པ་ཅིན་ མ་འོངས་པའི་ གཞུང་ཚུ་ཡང་ བཙག་འཐུ་དང་ འཆར་གཞིའི་ དུས་ཚོད་༢ ཀྱི་བར་ན་ ཁྱད་པར་སྦོམ་ ཞུགས་ནི་ཨིནམ་ལས་ བྱ་སྟབས་མ་བདེཝ་ འབྱུང་ཉེན་ཡོདཔ་ལས་ ད་ལྟོའི་ ལམ་ལུགས་ལྟར་དུ་འབད་བ་ཅིན་ ལོ་༥ འི་ནང་འཁོད་ལུ་ འཆར་གཞི་དུས་ཚོད་དེ་ ཟླཝ་༣ དེ་རེ་ མདུན་སྐྱོད་འགྱོ་ནི་ཨིན་པས།

ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ལམ་ལུགས་དེ་ བསྒྱུར་བཅོས་མ་འབད་བར་ ལག་ལེན་འཐབ་པ་ཅིན་ མ་འོངས་པ་ལུ་ གཞུང་དབུ་བརྙེས་ནི་དང་ འཆར་གཞིའི་དུས་ཚོད་དེ་ ལོ་ལས་བཅད་དེ་ ཁྱད་པར་ཞུགས་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དཀའ་ངལ་དེ་ སེལ་ཐབས་ལུ་ ཐབས་ཤེས་དང་པ་དེ་ གཞུང་གི་གནས་ཡུན་གྱི་ ཧེ་མར་ དགོངས་ཞུ་འབད་དགོ་ནི་འདི་ཨིན་རུང་ གཞུང་གི་གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ གཞུང་གིས་ ལོ་༤ དང་ ཟླཝ་༣ མ་གཏོགས་ ཕྱག་ཞུ་ནིའི་གོ་སྐབས་ མི་འཐོབ་ནི་མས་ཟེར་ཨིན་པས།

ཨིན་རུང་ ད་ལྟོ་ གྲོས་ཐག་བཅད་མ་ཚུགས་པར་ཡོདཔ་ལས་ གནད་དོན་འདི་གི་ཐོག་ལུ་ སྲིད་དོན་ཚོགས་པ་དང་ འབྲེལ་ཡོད་འགན་འཁྲི་ཅན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་འོང་ཟེར་ཨིནམ་ད་ སྒྲིག་རིམ་བསྒྱུར་བཅོས་འབད་ནི་ལུ་ བྱ་སྟབས་མ་བདེཝ་ མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཀྱི་ གནད་དོན་ནང་ སྲིད་དོན་ཚོགས་པ་ཚུ་ཡང་ འབྲེལ་གཏོགས་འབད་ནི་དེ་ ཁག་ཆེཝ་ཡོདཔ་ལས་ ཁོང་དང་གཅིག་ཁར་ གྲོས་བསྟུན་འབད་ནི་ཨིནམ་ད་ གལ་སྲིད་ དགོས་མཁོ་ཡོད་པ་ཅིན་ སྤྱི་ཚོགས་ནང་ བཙུགས་ཞིནམ་ལས་ ཆ་འཇོག་འབད་འོང་ཟེར་ཨིན་པས།

གཞུང་གསརཔ་དབུ་མ་བརྙེས་པའི་ཧེ་མར་ གལ་སྲིད་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་ཚུ་ འཕྲོ་མཐུད་འབད་མི་ལུ་ ཁྲིམས་ཀྱི་སྒྲིག་གཞི་ནང་ སྟབས་མ་བདེཝ་ཡོད་མེད་ཚུ་ དངུལ་རྩིས་ལྷན་ཁག་གིས་ བལྟ་དོ་ཡོདཔ་ཨིན་པས།

དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ གནད་དོན་འདི་གི་ཐོག་ལུ་ ལྷན་ཁག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ འཆར་དངུལ་ལས་ཁུངས་དང་གཅིག་ཁར་ ལཱ་འབད་བའི་བསྒང་ཡོདཔ་ལས་ དེ་གིས་ གཞུང་གསར་རྙིང་གི་ ལས་སྣ་ཚུ་ སོར་བསྒྱུར་འབདཝ་ད་ ལྷན་ཐབས་བྱུང་ཚུགས་ཟེར་ཨིན་པས།

དེ་མ་ཚད་ ཁོ་གིས་འབད་བ་ཅིན་ ལོ་༥ འི་ འཆར་གཞི་འབྲེལ་དོན་ གོ་རིམ་བཟོ་བཀོད་ཐོག་ལུ་ཡང་ ལཱ་འབད་དོ་ཟེར་ཨིན་པས།

ལྡོག་ཕྱོགས་ཀྱི་མགྲིན་ཚབ་ རྡོ་རྗེ་དབང་འདུས་ཀྱིས་ སྤྱིར་བཏང་གནད་དོན་འདི་ལུ་ སྟབས་མ་བདེཝ་མེད་རུང་ གཞུང་གིས་ ཁྲིམས་ཀྱི་དགོངས་དོན་ལས་ བརྒལ་ནི་མེདཔ་མ་ཚད་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་དུ་ གནས་དགོ་ཟེར་ཨི་ནཔས།

བློན་ཆེན་བགྲེསཔ་ དྲགོས་ཚེ་རིང་སྟོབས་རྒྱས་ལུ་ གཞུང་གི་གནས་ཡུན་ མ་ཚང་པའི་ ཉིན་གྲངས་༩༠ ལུ་ དགོངས་ཞུ་འབད་དགོཔ་སྦེ་ ལྡོག་ཕྱོགས་ཀྱིས་ ཞུ་བ་འབད་རུང་ འདས་པའི་གཞུང་གིས་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ སྲིད་དོན་ཚོགས་པ་གསརཔ་ཚུ་ལུ་ འདྲ་མཉམ་ཐོབ་མི་ཚུགས་ཟེར་སླབ་སྟེ་ དགོངས་ཞུ་འབད་མ་བཏུབ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *