ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་།

གཞུང་གིས་ འཆར་གཞི་༡༢ པའི་ནང་ ཡིག་ཚང་གསརཔ་རྐྱབ་ནི་ བཀག་བཞག་ཡོདཔ།

༉ འཆར་གཞི་༡༢ པའི་ནང་ ཡིག་ཚང་གསརཔ་༢༥ ལྷགཔ་ཅིག་ རྐྱབ་ནིའི་དོན་ལུ་ གྲོས་འཆར་བཙུགས་ཏེ་ཡོད་རུང་ བརྟག་ཞིབ་ཀྱི་དོན་ལས་ གཞུང་གིས་ བཀག་ཆ་འབད་དེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ བཤད་ཡོདཔ་ད་ ཡིག་ཚང་གསརཔ་རྐྱབ་ནིའི་གྲངས་སུ་ ཐིམ་ཕུག་རྐྱངམ་གཅིག་མེན་པར་ ལུང་ཕྱོགས་གཞན་ཚུ་ནང་ཡང་ཡོདཔ་ལས་ ད་ལྟོ་ཡིག་ཚང་གསརཔ་རྐྱབ་ནིའི་ གྲོས་འཆར་དེ་ གཞུང་གིས་ ཐག་མ་བཅད་པར་ཡོད་ཟེར་ཨིན་པས།
དེ་སྦེ་ བཀག་ཆ་འབད་དེ་ བཞག་མི་དེ་ཡང་ ཐིམ་ཕུག་ལུ་ ས་གོ་ཡོད་མེད་ ཞིབ་དཔྱད་འབད་ནི་དང་ བཟོ་སྐྲུན་འབད་ནིའི་ གྲ་སྒྲིག་ཚུ་ རྐྱབ་ནིའི་དོན་ལུ་ཨིན་པས།
ཁང་ཚན་༣༠ ལྷགཔ་ཅིག་འབད་མི་ ཡིག་ཚང་རྐྱབ་དགོཔ་ཡོདཔ་བཞིན་དུ་ ཡིག་ཚང་གསརཔ་ཡང་ ཤེས་རིག་ལྷན་ཁག་དང་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་༢ ཨིན་ཟེར་ བློན་ཆེན་བློ་གྲོས་ཚེ་རིང་གིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ཡིག་ཚང་གསརཔ་དགོཔ་ཡོད་མེད་ ལེགས་ཤོམ་སྦེ་ བལྟ་དགོཔ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐག་བཅད་དེ་ཡོད་ཟེར་ཨིནམ་ད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཞབས་ཏོག་ལྷན་ཁག་ལུ་ ཡིག་ཚང་ཚུ་ ཚད་གཞི་དང་ལྡན་སྦེ་ རྐྱབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ གསུངས་ཡི།
ཐིམ་ཕུག་ལུ་ ཡིག་ཚང་ཚུ་ནང་ ས་གོ་ག་དེ་སྦེ་འདུག་ག་ ཞིབ་དཔྱད་དང་ བསྐྱར་ཞིབ་འབད་ནིའི་དོན་ལུ་ སྡེ་ཚན་གཅིག་ གཞི་བཙུགས་འབད་དགོ་པའི་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་ ཞུ་བ་འབད་དེ་ཡོད་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ སྤྱི་ཚོགས་ཀྱི་སྒྲིང་ཁྱིམ་ནང་ བཞག་ནི་ཨིནམ་ལས་ དེ་གི་དོན་ལུ་ ཧ་ལམ་ཞིབ་དཔྱད་ཡང་ འབད་ཚར་ཏེ་ཡོད་ཟེར་གསུངས་ཡི།
སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་གྱི་ ཉེ་འདབས་ལུ་ ས་ཨེ་ཀར་༣ དེ་ཅིག་ ཡོད་མི་དེ་ འཆར་གཞི་༡༢ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཡིག་ཚང་རྐྱབ་ནིའི་དོན་ལུ་ཨིནམ་བཞིན་དུ་ སྒྲིང་ཁྱིམ་གསརཔ་རྐྱབ་ནི་དེ་ བཀག་དགོ་པས་ཟེར་ བློན་ཆེན་གྱིས་ གསུངས་མི་དེ་ཡང་ ཚོགས་སྡེ་ལུ་ དང་ཕུའི་ཅ་ཆས་བཞག་སའི་ ས་གོ་བྱིན་ནི་ལུ་ འོས་འབབ་ཡོད་མེད་ བསྐྱར་ཞིབ་འབད་དོ་ཡོད་པའི་ གནད་དོན་ལུ་བརྟེན་ཏེ་་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ སྒྲིང་ཁྱིམ་དེ་ ཚོགས་སྡེ་ལུ་ སྤྲོད་ནི་སྦེ་ གཞུང་ལུ་ གནང་བ་ཐོབ་སྟེ་ཡོད་ཟེར་ཨིནམ་ད་ རྩི་སྤྲོད་ཀྱི་ རིམ་པ་ཚུ་ འགོ་བཙུགས་ཏེ་ཡོདཔ་མ་ཚད་ དབྱེ་ཞིབ་ལས་བྱེད་ཚོགས་ཆུང་ལུ་ ཞིབ་དཔྱད་ཀྱི་དོན་ལས་ ཟླཝ་༥ བྱིན་ཏེ་ཡོད་ཟེར་ཨིན་པས།
ཚོགས་ཆུང་གིས་ དབྱེ་ཞིབ་འབད་ཚར་ཞིནམ་ལས་ ཡིག་ཚང་གསརཔ་རྐྱབ་ནིའི་ ལཱ་འགོ་བཙུགས་འོང་ཟེར་ཨིནམ་ད་ ཐིམ་ཕུག་ལུ་ ས་གོ་དོག་དྲགས་ཡོད་པའི་ གནད་ལུ་བརྟེན་ ཡིག་ཚང་དེ་ སྟབས་བདེ་སྡུག་དང་འཁྲིལ་ ས་གནས་ཁར་རྐྱབ་ནིའི་འོས་འབབ་བལྟ་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *