གཞུང་གིས་ ཟད་འགྲོ་མར་ཕབ་ཀྱི་ ཐབས་ལམ་བཏོན་མི་དང་ རྒྱབ་འགལ།

༉ འདས་པའི་ཟླཝ་ནང་ ཇ་པཱན་གཞུང་གིས་ འབྲུག་གི་སོ་ནམ་ལཱ་འབད་མི་ཚུ་གི་དོན་ལུ་ ལམ་སེལ་བཟོ་སྐྲུན་འཕྲུལ་ཆས་མང་རབས་ཅིག་ སྟབས་གཅིག་ཁར་ གྲོགས་རམ་སྦེ་བྱིན་མི་དེ་ ད་ཚུན་གྱི་བར་ན་ སྡེ་ཚན་སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ཇ་པཱན་གཞུང་དང་ མི་སེར་ལུ་ རྗེས་སུ་ཡི་རངས་དང་ བཀྲིན་དགའ་ཚོར་ཡོད་ལུགས་ཞུ་ཡི།
གནས་གོང་ཡུ་ཨེསི་ཌོ་ལར་ས་ཡ་༦.༩༤༨ དེ་ཅིག་འབད་མི་ འཕྲུལ་ཆས་ཚུ་ཡང་ ཇ་པཱན་གྱི་གཞུང་ཚབ་ཀྱིས་་ བུམ་ཐང་སོ་ནམ་འཕྲུལ་ཆས་ལྟེ་བའི་ ས་ཁོངས་ནང་སྦེ་ སོ་ནམ་བློན་པོ་ལུ་ རྩིས་སྤྲོད་ཡོདཔ་མ་ཚད་ བདུན་ཕྲག་གསུམ་གྱི་རྒྱབ་ལས་ བློན་ཆེན་གྱིས་ དོང་རྐོ་འཕྲུལ་ཆས་༢༠ དང་ ས་རྐོ་སྣུམ་འཁོར་༢༠ རྫོང་ཁག་༢༠ འི་རྫོང་བདག་ཚུ་ལུ་ རྩིས་སྤྲོད་གནང་ཡི།
མ་གཞི་ འཕྲུས་ཆས་དེ་ཚུ་ལུ་བརྟེན མཐའ་ཟུར་གྱི་ གཡུས་ཚན་ཚུ་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་ འབྱུང་ནི་གི་ རེ་བ་ཡོདཔ་ཨིན་རུང་ ས་རྐོ་འཕྲུལ་ཆས་ཚུ་ ལཱ་ཁག་སྦེ་ བུམ་ཐང་ལུ་ སྐྱེལ་འདྲེན་འབད་དགོ་པའི་ གནད་ཁུངས་ག་ཅི་ཨིན་ན་ཟེར་བའི་ ཡིག་ཚང་ནང་ འགྱོ་མི་ཚུ་གིས་ དྲི་བཀོད་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ འཕྲུལ་ཆས་དེ་ཚུ་ བུམ་ཐང་ལས་ རྫོང་ཁག་སོ་སོའི་ནང་ སྐྱེལ་འདྲེན་འབད་བའི་ གླ་ཆ་ཚུ་ རྫོང་ཁག་བདག་སྐྱོང་གིས་ སྤྲོད་དགོཔ་ལས་ ཟད་འགྲོ་ཐེབས་གནས་དོ་ཡོདཔ་ད་ དཔེར་ན་ བུམ་ཐང་ལས་ དོང་རྐོ་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་༡ དང་ ས་རྐོ་འཕྲུལ་ཆས་བེག་ཧོ་༡ སྐྱེལ་འདྲེན་འབད་བའ་ིགླ་ཆ་ དངུལ་ཀྲམ་འབུམ་༢ དེ་རེ་ གནསཔ་ཨིན་མས།
གལ་སྲིད་ སྔ་གོང་ལས་ར་ གྲོགས་རམ་བྱིན་མི་དང་ ལེན་མིའི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ ཉེ་འདབས་ཀྱི་ ས་གོ་ཚུན་ བསྐྱལ་དགོ་པའི་ ཁ་ཚིག་བཟོ་སྟེ་ཡོད་པ་ཅིན་ སྐྱེལ་འདྲེན་གྱི་ གླ་ཆ་ཐེབས་སྤྲོད་དགོཔ་ མི་འཐོན་ནི་མས།
དེ་མ་ཚད་ བུམ་ཐང་ལས་ ཐག་རིང་གི་རྫོང་ཁག་ དཔེར་ན་ བསམ་རྩེ་དང་ གསར་སྤང་ རྩི་རང་ དར་དཀར་ནང་ བསམ་གྲུབ་ལྗོངས་མཁར་ པདྨ་དགའ་ཚལ་བཟུམ་ཚུ་ནང་ སྐྱེལ་འདྲེན་གྱི་གླ་ཆ་ དངུལ་ཀྲམ་འབུམ་༣ དང་༤ གི་བར་ན་ གནས་ནི་ཨིན་མས།
ད་རུང་ ད་རེས་ནངས་པར་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ལས་ འཕྲུལ་ཆས་དེ་ཚུ་ སྐྱེལ་འདྲེན་འབད་བའི་སྐབས་ རྐྱེན་ངན་འབྱུང་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ རྫོང་བདག་ལ་ལོ་ཅིག་གིས་ འཕྲུལ་ཆས་ཚུ་ ལམ་གྱི་གནས་སྟངས་ ལེགས་ཤོམ་མ་འགྱོ་ཚུན་ཚོད་ བུམ་ཐམ་ལུ་ར་ བཞག་ནི་སྦེ་ ཐག་བཅད་པའི་ཁར་ འཕྲུལ་ཆས་ཚུ་ ཇ་པཱན་ལས་ རྒྱ་གར་ཀཱོལ་ཀ་ཊ་དང་ ཕུན་ཚོགས་གླིང་བརྒྱུད་དེ་ བུམ་ཐང་ཚུན་ཚོད་ སྐྱེལ་འདྲེན་འབད་བའི་ ཟད་འགྲོ་ཚུ་ གྲོགས་རམ་བྱིན་མི་གིས་ བཏང་ཡོད་རུང་ སོ་ནམ་འཕྲུལ་ཆས་ལྟེ་བ་ལུ་མེན་པར་ ཕུན་ཚོགས་གླིང་ལུ་བཞག་སྟེ་ བགོ་བཀྲམ་འབད་ཡོད་པ་ཅིན་ ཟད་འགྲོ་ཐེབས་གཏང་དགོཔ་མིན་འདུག།
དཔེར་ན་ འཕྲུལ་ཆས་དེ་ཚུ་ ཕུན་ཚོགས་གླིང་ལས་སྦེ་ བསམ་རྩེ་དང་ ཆུ་ཁ་རྫོང་ཁག་ དེ་ལས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ བགོ་བཀྲམ་འབད་བ་ཅིན་ རྒྱལ་ཁམས་ལུ་ སྐྱེལ་འདྲེན་དང་འབྲེལ་བའི་ ཟད་འགྲོ་གཏང་མ་དགོཔ་དང་ ལྷག་པར་དུ་ འཕྲུལ་ཆས་བུམ་ཐང་ལུ་ བསྐྱལ་ཐོག་ལས་ བཙུགས་སྒྲིག་མ་འབད་བར་ འཕྲུལ་ལསཔ་ཚུ་ འབྲེལ་ཡོད་རྫོང་ཁག་ནང་ བཏང་ཐོག་ལས་ བཙུགས་སྒྲིག་འབད་བཅུག་པ་ཅིན་ ལས་བྱེདཔ་ཚུ་ལུ་ ཉིན་འཐུས་དང་ འགྲུལ་འཐུས་ལས་བརྒལ་ སྤྲོད་མི་དགོ་ནི་མས།
གོང་ལུ་བཀོད་དོ་བཟུམ་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ལུ་ར་ འཕྲུལ་ཆས་ཚུ་ ཕུན་ཚོགས་གླིང་ལུ་ ལྷོད་པའི་ཤུལ་ལུ་ དེ་ཁ་ལས་ བཙུགས་སྒྲིག་ཐོག་ བགོ་བཀྲམ་འབད་ནི་གི་ ཁ་ཚིག་བཀོད་དགོཔ་ཅིག་སྡོད་ནུག།
ལོ་ངོ་༤ གི་ཧེ་མར་ གཞུང་གིས་ གཞུང་གི་ལས་སྡེ་ཁག་ཚུ་ནང་ དོན་མེད་ཀྱི་ ཟད་འགྲོ་མར་ཕབ་ཀྱི་ ཐབས་ལམ་ལེ་ཤ་བཏོན་ཡོད་རུང་ ད་རེས་ཀྱི་ འཕྲུལ་ཆས་ཚུ་གི་ གནད་དོན་ནང་ལྷོདཔ་ད་ རྒྱལ་ཁམས་ཀྱི་ མ་དངུལ་འཕྲོ་བརླག་འགྱོ་བའི་ཁར་ ཟད་འགྲོ་མར་ཕབ་ཀྱི་ དམིགས་གཏད་དང་ རྒྱབ་འགལ་འགྱོ་བའི་ མངོན་གསལ་བྱུང་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ འདི་བཟུམ་འབྱུང་མི་བཅུག་ནི་གི་ དྲན་ཤེས་བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *