༉ རྒྱལ་ཁབ་ནང་ཡོད་མི་ མི་སྡེ་ལྷ་ཁང་ཚུ་ནང་ དགོས་མཁོ་དང་བསྟུན་ དབྱེ་ཞིབ་མཐིལ་ཕྱིན་འབད་དེ་ དཀོན་གཉེར་ཚུ་ལུ་ དངུལ་ཕོགས་ཚུ་ གཞུང་གྲྭ་ཚང་གི་ ལམ་ལུགས་དང་འཁྲིལ་ཏེ་ བྱིན་ནི་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ ངང་ལམ་གྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་གིས་ གཞུང་གྲྭ་ཚང་གི་འོག་ལུ་ ཐོ་བཀོད་འབད་དེ་ཡོད་པའི་ ལྷ་ཁང་ཚུ་ མ་བརྩིས་བར་ མི་སྡེ་ནང་ ལྷ་ཁང་ལེ་ཤ་ཡོདཔ་ལས་ དཀོན་གཉེར་ཚུ་ལུ་ དངུལ་ཕོགས་འདྲ་མཉམ་བྱིན་ནི་གི་ ལམ་ལུགས་དང་ འཆར་གཞི་ཚུ་ ག་དེ་སྦེ་ཡོད་ག་ཟེར་ དྲི་བའི་ལན་ལུ་ ནང་སྲིད་དང་ སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ ཞུ་ཡི།
འཐུས་མི་ཆོས་གྲགས་རྒྱ་མཚོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ལྷ་ཁང་མང་ཤོས་ར་ ཇོ་བདག་སོ་སོའི་ མིང་ཐོ་ལུ་ཡོདཔ་ལས་ ཟླ་རིམ་གྱི་ དངུལ་ཕོགས་ཚུ་ ལྷ་ཁང་ག་བཟུམ་མའི་ དཀོན་གཉེར་ཚུ་ལུ་ བྱིན་ནི་ཨིན་ན་དང་ ལམ་ལུགས་ཁ་གསལ་ཅིག་ མེད་ནི་དེ་གིས་ ཏན་ཏན་ཅིག་སྦེ་ ཧ་མ་གོ་མ་ཚུགས་ཟེར་ཨིན་པས།
ནད་སྲིད་བློན་པོ་གིས་ ད་རེས་ནངས་པར་ གཞུང་གྲྭ་ཚང་གི་འོག་ལུ་ཡོད་པའི་ ལྷ་ཁང་གི་ དཀོན་གཉེར་ཚུ་གི་ དངུལ་ཕོགས་ཀྱི་ཐད་ལུ་ དཀའ་ངལ་ག་ནི་ཡང་མེདཔ་ལས་ སྔར་ག་ཨིནམ་སྦེ་ བཞག་ནི་དང་ བླ་སྤྲུལ་ཚུ་གི་ ལྷ་ཁང་ནང་འབད་རུང་ བླ་སྤྲུལ་དང་ རིན་པོ་ཆེ་ག་ར་ སྒྲིང་སྒྲི་ཡོད་ནི་དེ་གིས་ ག་ནི་ཡང་ འབད་དགོཔ་ཅིག་ མ་མཐོང་ཟེར་ཞུ་ཡི།
རྒྱལ་ཁབ་ནང་ བླ་སྤྲུལ་ཚུ་གི་ ལྷ་ཁང་༤༠ དེ་ཅིག་དང་ མི་སྡེའི་ལྷ་ཁང་༡,༠༩༥ དེ་ཅིག་ཡོདཔ་ད་ ད་རེས་ སྟབས་མ་བདེཝ་ངོ་མ་ར་ མི་སྡེ་ལྷ་ཁང་ཚུ་ནང་ དཀོན་གཉེར་མ་ཐོབ་པའི་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཨིན་པས།
གཡུས་སྒོ་ལ་ལོ་ཅིག་ནང་ ལྷ་ཁང་ཚུ་ མི་སེར་ཚུ་ སྐོར་རྒྱབ་སྦེ་ བདག་གཉེར་འཐབ་དོ་ཡོདཔ་ད་ མི་སེར་ཚུ་ སོ་ནམ་གྱི་ ལཱ་འབད་མི་ཨིནམ་ལས་ ལྷ་ཁང་ཚུ་ནང་ ཕྱག་དང་མཆོད་པ་ཕུལ་ཏེ་ སྡོད་ནི་གི་ གོ་སྐབས་མེད་ནི་དེ་གིས་ཨིན་མས་ཟེར་ ནང་སྲིད་བློན་པོ་གིས་ཞུ་ཡི།
བློན་པོ་གིས་འབད་བ་ཅིན་ མི་སྡེ་ལྷ་ཁང་ཚུ་ནང་ སྟབས་མ་བདེཝ་ སྦོམ་བྱུང་མི་ལུ་བརྟེན་ དཀོན་གཉེར་ཚུ་ལུ་ འཐུས་རེ་སྤྲོད་པ་ཅིན་ སོ་ནམ་གྱི་ལཱ་དེ་ལུ་ཡང་ ཐོ་མ་ཕོགཔ་མ་ཚད་ འཐུས་དེ་གིས་ ཁོང་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ནིའི་དོན་ལུ་ གཞུང་གྲྭ་ཚང་གི་ ལམ་ལུགས་དང་འཁྲིལ་ཏེ་ འཐུས་སྤྲོད་ནི་སྦེ་ རྩིས་རྐྱབ་སྟེ་ཡོད་ཟེར་ཨིན་པས།
སྒེར་སྡེ་ལྷ་ཁང་༦༡༠ ཡོད་མི་ཚུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དེ་ ལྷ་ཁང་ག་རའི་ དཀོན་གཉེར་ཚུ་ལུ་ འཐུས་ཚུ་སྤྲོད་ནི་ཟེར་ཨིནམ་ད་ སྒེར་སྡེ་ལྷ་ཁང་མང་ཤོས་ཅིག་ མི་སེར་ཚུ་སྡོད་སའི་ ཉེ་འདབས་ལུ་ཡོད་ནི་དེ་གིས་ སྟབས་མ་བདེཝ་ དེམ་ཅིག་ར་མེདཔ་ཨིན་རུང་ ལ་ལོ་ཅིག་ནང་ ལྷ་ཁང་དང་ མི་སྡོད་སར་ སོ་སོར་ཡོདཔ་ལས་ དཀའ་ངལ་ཡོད་མི་ཚུ་ལུ་ ཞིབ་དཔྱད་ལེགས་ཤོམ་འབད་དེ་ གཞུང་གིས་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།