གཞུང་གིས་ བློ་གསར་ལས་ སློབ་རིམ་༦ པ་ཚུན་ལུ་ ཆོས་རྒྱུགས་མེདཔ་བཟོ་ནིའི་ འཆར་འགུལ།

༉ བློ་གསར་སློབ་རིམ་ལས་ སློབ་རིམ་༣ པ་ཚུན་གྱི་ སློབ་ཕྲུག་ཚུ་གིས་ སྤྱི་ལོ་༢༠༢༠ ལས་ གཞི་རིམ་ཤེས་ཡོན་ བསྐྱར་གསོ་འབད་དོན་ལུ་ ཆོས་རྒྱུགས་རྐྱབ་མ་དགོཔ་བཟོ་ནིའི་ནང་ ཤེས་རིག་ལྷན་ཁག་གིས་ བརྟག་ཞིབ་ལས་རིམ་གྱི་ འཆར་གཞི་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ཇའི་བིར་རའི་གིས་ བཤད་མིའི་ནང་ ལྷན་ཁག་གིས་ འབྲུག་གི་ སློབ་གྲྭའི་ཆོས་རྒྱུགས་བཀོད་ཚོགས་དང་ བརྟག་ཞིབ་ཚོགས་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཡོད་ཟེར་ཨིན་པས།
ཚོགས་སྡེའི་མཁས་མཆོག་ཚུ་གིས་ ལྷན་ཚོགས་ལུ་ བརྟག་ཞིབ་འབད་ནིའི་ ལམ་ལུགས་དེ་ ཇ་པཱན་དང་ སིང་ག་པོར་བཟུམ་མའི་ གོང་འཕེལ་འགྱོ་མིའི་ རྒྱལ་ཁབ་ཚུ་ནང་ ལག་ལེན་འཐབ་པའི་ སྲོལ་ཅིག་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
སློབ་རིམ་དེ་ཚུ་ལུ་ ཆོས་རྒྱུགས་མི་འོང་ནི་ཨིན་རུང་ ཨ་ལོའི་ཤེས་ཚད་ བརྟག་ཞིབ་འབད་ནིའི་དོན་ལུ་ བརྟག་ཞིབ་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལམ་ལུགས་ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་ མི་འོང་ནི་ཨིན་པའི་ཁར་ ལམ་ལུགས་དེ་ འགོ་མ་བཙུགས་པའི་ཧེ་མར་ སྦྱང་བ་བྱིན་དགོ་ཟེར་ཨིན་པས།
ལྷན་ཁག་གིས་ ད་རེས་ ཨ་ལོའི་བརྟག་ཞིབ་འབད་མི་ ལམ་ལུགས་ཚུ་ལུ་བལྟ་སྟེ་ ལམ་ལུགས་གསརཔ་ འགོ་བཙུགས་ནི་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལྷན་ཁག་གིས་ སྤྱི་ལོ་༢༠༡༩ ལུ་ ལམ་ལུགས་དེ་ འགོ་བཙུགས་མི་ཚུགས་ཟེར་ཨིནམ་ད་ ལྷན་ཁག་གིས་ ཧེ་མ་ར་ གཞི་རིམ་གྱི་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་ཐེངས་༢ རེ་ བྱིན་ནི་ཟེར་ཨིན་པས།
བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ གཞུང་གིས་ མཁས་མཆོག་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ ག་ཅི་འབད་ཚུགས་ཚུགསཔ་ཅིག་ འབད་དོ་ཟེར་ཨིན་པས།
མཁས་མཆོག་ཚུ་གིས་ ང་བཅས་ལུ་ དུས་སྟབས་ཅིག་གུ་མེན་པར་ གོ་རིམ་སྒྲིག་སྟེ་ འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ང་བཅས་ཀྱིས་ ལམ་ལུགས་དེ་ ཨུ་ཚུགས་ཐོག་ལས་ མི་འབད་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ བཤད་མིའི་ནང་ སློབ་རིམ་༤ པ་དང་༥ པའི་དོན་ལུ་ ལམ་ལུགས་གཞི་བཙུགས་འབད་ནི་དེ་ ཧེ་མའི་མོ་བཏབ་ཀྱི་ གྲུབ་འབྲས་ལུ་ རག་ལས་ཟེར་ཨིན་པས།
ང་བཅས་ཀྱིས་ སློབ་རིམ་༦ པའི་དོན་ལུ་ དབྱེ་ཞིབ་འབད་ནིའི་ ལམ་ལུགས་ཚུ་ ནན་ཞིབ་ལེགས་ཤོམ་ འབད་དགོ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ སློབ་གྲྭ་ཆུང་བའི་ གནས་ཚད་ནང་ ཆོས་རྒྱུགས་མེདཔ་བཟོ་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
ཁས་བླངས་གསལ་བསྒྲགས་དང་འཁྲིལཝ་ད་ ཆོས་རྒྱུགས་རྐྱབ་མི་དེ་གིས་ ཨ་ལོའི་ལྕོགས་གྲུབ་ ཚད་ཅིག་ལས་བརྒལ་ དབྱེ་དཔྱད་འབད་མི་ཚུགས་ཟེར་ བཀོད་དེ་འདུག།
ཆོས་རྒྱུགས་རྐྱབ་དགོ་མི་དེ་གིས་ ཨ་ལོ་ བཟུང་རིག་ཡོད་མི་ཚུ་ལུ་ ཁེ་ཕན་ཡོད་རུང་ ཆོས་རྒྱུགས་རྐྱབ་ཚར་བའི་ཤུལ་ལུ་ བརྗེད་འགྱོཝ་ཨིན་ཟེར་ ཁས་བླངས་ནང་ བཀོད་དེ་འདུག།
དེ་འབདཝ་ལས་ ཨ་ལོ་ཚུ་གིས་ ཡུན་རིང་གི་དོན་ལུ་ གྲ་སྒྲིག་འབད་ཐབས་ལུ་ ཐབས་ལམ་དེ་ སོར་དགོཔ་ཡོདཔ་ལས་ སློབ་རིམ་༦ པ་ཚུན་ལུ་ ཆོས་རྒྱུགས་མེདཔ་བཟོ་ནི་ཟེར་ཨིན་པས།
ཨ་ལོ་ཚུ་གི་ སློབ་ཁང་གི་ ལཱ་འབད་མི་དང་ ལཱ་གཞན་ཚུ་ལུ་ གཞི་བཞག་ཐོག་ལས་ དབྱེ་ཞིབ་ཚུ་ འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *