གཞུང་གིས་ བི་བི་ཨའི་ཨེན་གྱི་ ཆིངས་ཡིག་གུ་ གྲོས་བསྡུར་གྱི་འཆར་རིམ།

༉ གཞུང་གིས་ རྙོགས་འཛིང་ཅན་གྱི་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ དེ་ལས་ ནེ་པཱལ་རྒྱལ་ཁབ་༤ གི་ བི་བི་ཨའེ་ཨེན་ཟེར་མི་ སྣུམ་འཁོར་འགྲུལ་སྐྱོད་ཆིངས་ཡིག་དེ་ ལོག་སྟེ་ར་ ཆ་འཇོག་གི་དོན་ལུ་ དབྱེ་ཞིབ་འབད་ནིའི་ འཆར་གཞི་ཡོདཔ་ལས་ འབྲུག་དེ་ ལུང་ཕྱོགས་ཀྱི་གྲངས་སུ་ འཛུལ་ཞུགས་ཡོད་མེད་ཀྱི་ གྲོས་བསྡུར་ལོག་འགོ་བཙུགས་ཏེ་འདུག།
འབྲུག་མཉམ་རུབ་ཚོགས་པ་གིས་ ཧེ་མ་ བི་བི་ཨའེ་ཨེན་ཆིངས་ཡིག་གི་ གྲོས་བསྡུར་ནང་ ཁུ་སིམ་སིམ་སྦེ་ སྡོད་ཡོད་རུང་ གཞུང་སྐྱོང་གི་གོ་སྐབས་ཐོབ་ཞིནམ་ལས་ སླབ་མིའི་ནང་ ཆིངས་ཡིག་དེ་ སྐྱེལ་འདྲེན་འགྲུལ་སྐྱོད་ནང་ གལ་གནད་ཅན་ཅིག་ཨིན་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ འཛུལ་ཞུགས་ཀྱི་ ཆིངས་ཡིག་ལུ་ རྒྱབ་འགལ་སྦེ་ བྲིས་ཏེ་ཡོདཔ་ད་ བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ ཀུན་གསལ་ལུ་ བཤད་མིའི་ནང་ གཞུང་གི་ཁ་ཐུག་ལས་ ཆིངས་དེ་ལུ་ ངོས་ལེན་དང་ རྒྱབ་འགལ་མེན་པར་ ཕྱོགས་སུ་མ་ལྷུང་བའི་སྒོ་ལས་ གཞི་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ཆིངས་ཡིག་དེ་ གཞུང་གིས་ འཇམ་ཏོང་ཏོ་སྦེ་ ཆ་འཇོག་དང་ ཆ་མེད་བཏང་མི་ཚུགས་ཟེར་ཨིནམ་ད་ འབྲུག་གིས་ ཆ་གནས་འབད་དགོཔ་ ལེ་ཤ་ཡོདཔ་ལས་ ཆིངས་ཡིག་དེ་ལུ་བརྟེན་ འབྲུག་གིས་ ཁེ་ཕན་ལེ་ཤ་ཅིག་ར་ བྱུང་ཚུགས་ཟེར་ཨིན་པས།
ཨིན་རུང་ གནད་དོན་ཐོག་ལུ་ ལཱ་ཚུ་མཐར་འཁྱོར་ཚུགསཔ་སྦེ་ འབད་དགོ་པའི་ཁར་ ཞིབ་འཚོལ་མཐིལ་ཕྱིན་ འབད་དགོཔ་འདུག་ཟེར་ཨིནམ་ད་ ཆིངས་ཡིག་དེ་ལུ་ རྒྱབ་འགལ་དང་ ལེགས་ཤོམ་སླབ་མི་ཚུ་ ཉན་ནི་ལུ་ སྤྲོ་བ་ཡོད་ཟེར་ བློན་ཆེན་གྱིས་ བཤད་ཅི།
བློན་ཆེན་གྱིས་ བཤད་མིའི་ནང་ ཆིངས་ཡིག་དེ་ རང་རྐྱང་གི་ དོན་ལུ་མེན་པར་ རྒྱལ་ཁབ་ཀྱི་ དོན་ལུ་ཨིནམ་ལས་ གནད་དོན་ཐོག་ལུ་ གཞུང་གིས་ ལས་སྡེ་དང་ ཁེ་གྱོང་པ་ཚུ་དང་གཅིག་ཁར་ གྲོས་བསྟུན་སྣ་ཚོགས་འབད་འོང་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ བི་བི་ཨའེ་ཨེན་དེ་ལུ་ ཚ་གྱང་ལེ་ཤ་ཡོདཔ་ལས་ དེ་ཚུ་ སེལ་ཐབས་འབད་དགོ་པའི་ཁར་ ད་ལྟོ་ རྒྱལ་ཡོངས་ཚོགས་འདུ་ འགོ་མ་བཙུགསཔ་ལས་ གནད་དོན་འདི་གི་སྐོར་ལས་ གྲོས་བསྟུན་འབད་ནི་དེ་ དུམ་གྲ་ཅིག་ ཧ་ནི་མས་ཟེར་ཨིན་པས།
བི་བི་ཨའེ་ཨེན་གྱི་ ཆིངས་ཡིག་དེ་ སྟབས་མ་བདེཝ་ ཡོད་མི་ལུ་བརྟེན་ བཤོལ་བཞག་ཅི་ཟེར་ཨིནམ་ད་ གལ་སྲིད་ གནད་དོན་དང་ ཚ་གྱང་ཚུ་ སེལ་ཐབས་འབད་ཚུགས་པ་ཅིན་ ཆིངས་ཡིག་དེ་ ཆ་འཇོག་འབད་དགོ་ཟེར་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་ ཁོ་རའི་ ཕེས་བུག་ནང་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ སྲིད་དོན་གྱི་ ཁེ་ཕན་དོན་ལུ་ ཆིངས་ཡིག་དེ་ ཆ་འཇོག་འབད་ནི་མེདཔ་མ་ཚད་ གནད་དོན་ཐོག་ལུ་ ཞིབ་འཚོལ་ལེགས་ཤོམ་སྦེ་ འབད་དགོ་ཟེར་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༧ ལུ་ བློན་ཆེན་དང་ བརྡ་བརྒྱུདཔ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ བརྡ་བརྒྱུདཔ་ཚུ་ལུ་ བཤད་མིའི་ནང་ རྒྱལ་ཁབ་ཀྱིས་ ཆིངས་ཡིག་ཆ་གནས་མ་འབད་མི་ལུ་བརྟེན་ འབྲུག་པའི་སྣུམ་འཁོར་ཊཱག་ མང་ཤོས་ར་ དོ་འབག་སྟེ་ བང་ལ་དེཤ་རྒྱལ་ཁབ་ནང་ འགྲུལ་སྐྱོད་འབདཝ་ད་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ བང་ལ་དེཤ་ལུ་འགྱོ་མི་ འབྲུག་པའི་ཊཱག་༢༠༠ དེ་ཅིག་ ཆིངས་ཡིག་གུ་མཚན་རྟགས་མ་བཀོད་མི་ལུ་བརྟེན་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ རྒྱལ་ཁབ་གཞན་གྱི་ཊཱག་ཚུ་ ཐོགས་ཆག་མེད་པར་ འགྲུལ་བསྐྱོད་འབད་དོ་ཡོདཔ་ལས་ དེ་ལུ་ ཕན་པ་དང་གནོད་པ་༢ ཆ་ར་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ ད་ལྟོ་ ཆིངས་ཡིག་དེ་ ཆ་འཇོག་འབད་ནི་དང་ མི་འབད་ནི་ཨིན་ན་ ཐག་མ་བཅད་པར་ཡོདཔ་ད་ ཊཱག་གི་དེད་གཡོགཔ་ ལ་ལོ་ཅིག་གིས་ གདོང་ལེན་འབད་དེ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༡༡ པའི་ནང་ ཆིངས་ཡིག་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་བའི་སྐབས་ ཁེ་ཕན་ལས་ སྟབས་མ་བདེཝ་མངམ་ཡོདཔའི་ཁར་ རྒྱལ་ཡོངས་དང་ ཕྱི་མི་ནང་སྐྱོད་བཅའ་ཁྲིམས་ལས་ འགལ་བ་ཡོདཔ་སྦེ་ ཤེས་རྟོགས་བྱུང་མི་ལུ་བརྟེན་ ཆ་མེད་བཏང་ནུག།
རྒྱལ་ཡོངས་ཚོགས་སྡེ་གིས་ བཀོད་མིའི་ནང་ ཆིངས་ཡིག་དེ་གི་ ཕན་གནོད་དང་ སྟབས་བདེཝ་མ་བདེཝ་ཚུ་ ཐུགས་ཁར་བསྣམས་ཏེ་ ཞིབ་དཔྱད་འབད་བའི་སྐབས་ ཆིངས་ཡིག་དེ་གིས་ ཕན་ཐོགས་སྦོམ་ ག་ནི་ཡང་མ་མཐོངམ་ལས་ རྒྱབ་སྐྱོར་མེད་པའི་ཁར་ རྒྱལ་ཁབ་ནང་ གཞི་རྟེན་གྱི་མཐུན་རྐྱེན་ ཟམ་དང་ ཞིབ་དཔྱད་སྒོ་ར་ཚུ་ མེད་པའི་སྐོར་དང་ རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་དང་འབྲེལ་བའི་ གནད་དོན་ཡོད་ལུགས་ཚུ་ ཞུ་ནུག།
མི་སེར་དམངས་གཙོ་ཚོགས་པའི་གཞུང་ གནས་ཡུན་ཚང་སྟེ་ འགྱོ་བའི་སྐབས་ ཆིངས་ཡིག་དེ་ ཆ་འཇོག་འབད་ནི་ ཨིན་མིན་དེ་ མ་འོངས་པའི་ གཞུང་གི་དོན་ལུ་ བཞག་ཡོདཔ་ད་ འདས་པའི་གཞུང་གིས་ འབད་བ་ཅིན་ ཆིངས་ཡིག་དེ་ལུ་བརྟེན་ སྟབས་མ་བདེཝ་ལས་ ཁེ་ཕན་མང་སུ་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
མ་གཞི་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ འབྲུག་པའི་ སྣུམ་འཁོར་ཚུ་ ནེ་པཱལ་དང་ བང་ལ་དེཤ་ རྒྱལ་ཁབ་ནང་ རྒྱུན་འགྲུལ་འཐབ་ནི་དང་ ཁོང་གི་ སྣུམ་འཁོར་ཚུ་ འབྲུག་པའི་ས་མཚམས་ཚུན་ རྒྱུན་འགྲུལ་འཐབ་ཆོགཔ་སྦེ་ བདེ་སྒྲིག་འབད་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚགསཔ་ཨིན་པས།
ཆིངས་ཡིག་གུ་མཚན་རྟགས་བཀོད་མི་དེ་ཡང་ རྒྱལ་ཁབ་༤ གི་བར་ན་ དོ་འབག་མི་དང་ མི་མང་འགྲུལ་སྐྱེལ་སྣུམ་འཁོར་ཚུ་ ཐོགས་ཆ་མེད་པར་ རྒྱུན་འགྲུལ་འཐབ་ཚུགས་ནིའི་དོན་ལུ་ཨིན་པས།
ཆིངས་ཡིག་དེ་ལུ་ རྒྱབ་སྐྱོར་ཡོད་མི་ཚུ་གིས་ སླབ་མིའི་ནང་ བི་བི་ཨའེ་ཨེན་དེ་གིས་ རྒྱལ་ཁབ་༤ གི་ནང་འཁོད་ལུ་ དཔལ་འབྱོར་ཐད་ཀར་དང་ ཡུན་བརྟན་གོང་འཕེལ་གཏང་ནི་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་རུང་ འབྲུག་པའི་སྣུམ་འཁོར་ ཊཱག་གི་ཇོ་བདག་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་ཉེན་གྱི་ ཚ་གྱང་ཚུ་ཡང་ བཤད་དེ་ཡོདཔ་ཨིན་པས།
འབྲུག་གི་དོན་ལུ་ ཆིངས་ཡིག་དེ་ འདས་པའི་གཞུང་གིས་ ཆ་འཇོག་འབད་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ ད་རེས་ རྒྱ་གར་དང་ བང་ལ་དེཤ་ དེ་ལས་ ནེ་པཱལ་རྒྱལ་ཁབ་ཚུ་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཐོག་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *