༉ གནམ་དགུན་གྱི་ དུས་ཚོད་འགོ་བཙུགས་མི་དང་བསྟུན་ ང་བཅས་རའི་ སོ་ནམ་པ་ཚུ་གིས་ ལོ་༡ གི་རིང་ དཀའཝ་སྤྱད་དེ་ ལཱ་འབད་བའི་ འབྲས་བུ་ཚུ་ ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་བཟོ་ནི་གི་ གོ་སྐབས་ལེནམ་ཨིན་མས།
དེ་ཡང་ དངུག་ཐོག་ཚུ་གི་གྲས་ལས་ དངུལ་ཐོག་ཨེ་པཱལ་གྱི་ དུས་ཚོད་མཇུག་བསྡུ་བའི་ཤུལ་ལུ་ ད་རེས་ནངས་པར་ ཨ་ལཱན་ཅི་དང་ ཚལ་ལུ་ཕྱིར་ཚོང་འཐབ་ནིའི་ དུས་ཚོད་འགོ་བཙུགས་ཡོདཔ་ལས་ དངུལ་ཐོག་འཛུགས་སྐྱོང་འབད་མི་ཚུ་ སག་ལང་སྟེ་ སྒུག་སྡོད་ཡོདཔ་ཨིན་མས།
དེ་འབདཝ་ད་ ན་ཧིང་ སྤྱི་ཟླ་༧ པའི་ནང་ རྒྱ་གར་གྱིས་ ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་ལམ་ལུགས་ འགོ་བཙུགས་པའི་ཤུལ་ལས་ དངུལ་ཐོག་ཨ་ལཱན་ཅིའི་ གོང་ཚད་ལུ་ ཐོ་ཕོག་སྟེ་ཡོད་པའི་ཁར་ ས་མཚམས་ཕྱི་ཁ་ལས་ ཕྱིར་ཚོང་ལམ་ལུགས་ འདྲ་མིན་སྣ་ཚོགས་བཟོ་མི་དེ་གིས་ འབྲུག་མི་ཕྱིར་ཚོང་འཐབ་མི་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ལས་ མཐའན་མཇུག་ལུ་ དངུལ་ཐོག་འཛུགས་སྐྱོང་འབད་མི་ཚུ་ལུ་ གྱོང་རྒུད་ཕོག་ཉེན་ཡོདཔ་ཨིན་མས།
ཧེ་མ་འབད་བ་ཅིན་ ཨ་ལཱན་ཅི་ཚུ་ རྒྱ་གར་ལུ་བཙོངམ་ད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡,༠༠༠ ལྷགཔ་རེ་ འཐོབ་ནི་ཡོད་རུང་ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ ཨ་ལཱན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༥༠ དང་༤༨༠ བར་ན་མ་གཏོགས་ གོང་མི་འཐོབ་དོ་ཡོདཔ་ད་ དེ་གི་ནང་དོན་ཉིད་ལས་ ཕྱི་མི་ཚུ་གིས་ འབྲུག་ལས་ཐོན་མི་ ཨ་ལཱན་ཅི་ཚུ་ ཉོ་ནི་གི་ སྤྲོ་བ་མི་བསྐྱེད་དོ་ཡོད་མི་དེ་ཡང་ ཅ་དངོས་དང་ ཞབས་ཏོག་ཁྲལ་གྱི་དོན་ལུ་ རྒྱ་གར་གྱི་ ཟུར་བརྟག་ལས་ཁང་གི་ ངོ་སྦྱོར་ཡི་གུ་གསལ་སྟོན་འབད་ནི་ མེད་མི་ལུ་བརྟེན་ཨིན་མས།
འདི་བཟུམ་མའི་ ཡིག་ཆ་ཚུ་མེདཔ་ད་ ཉོ་མི་ཚུ་གིས་ གོ་སྐབས་ལེན་ཐོག་ལས་ ཨ་ལཱན་ཅིའི་ གོང་ཚད་དམའ་སུ་ཅིག་ལས་ བྱིན་ནི་མེད་པའི་ཁར་ བར་ཚོང་པ་དག་པ་ཅིག་གིས་ ཁ་བསྡོམས་ཐོག་ལས་ གོང་ཚད་གཡོ་བཅོས་འབད་མི་དེ་གིས་ཡང་ ཨ་ལཱན་ཅིའི་ གོང་ཚད་ལུ་ ཐོ་ཕོགཔ་མས་ཟེར་ འབྲུག་མི་ཕྱིར་ཚོང་ལས་སྡེ་ཚུ་གིས་ ཉོགས་བཤད་བཀོད་ནུག།
འདི་བཟུམ་མའི་ དཀའ་ངལ་སེལ་ཐབས་ལུ་ འབྲུག་མི་ཕྱིར་ཚོང་འཐབ་མི་ཚུ་གིས་ བསྟན་རྒྱས་ལྷན་ཁག་ལུ་ ཞུ་ཡིག་ཕུལ་ཏེ་ཡོད་མི་དེ་ཡང་ ད་རེས་ནངས་པར་ འབྲུག་གི་ཨ་ལཱན་ཅིའི་ ཐོན་སྐྱེད་ཚུ་ རྒྱ་གར་ལུ་ ཁྲིམས་མཐུན་ཐོག་ལས་ ཚོང་འབྲེལ་འཐབ་མ་ཚུགས་ནི་དེ་གིས་ཨིན་མས།
ཁོང་གིས་འབད་བ་ཅིན་ དངུལ་ཐོག་དེ་ ཁྲིམས་མཐུན་ཐོག་ ཚོང་འབྲེལ་མ་འཐབ་པ་ཅིན་ མཐའན་མཇུག་ལུ་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོག་ནི་མས་ཟེར་ཨིནམ་ད་ དགེ་ལེགས་ཕུག་ལུ་ཡང་ འདི་བཟུམ་མའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་མས།
སྤྱི་ཟླ་༡༢ པ་ལས་ དངུལ་ཐོག་ཚལ་ལུའི་ཕྱིར་ཚོང་གི་ དུས་ཚོད་ཨིནམ་ལས་ ཚོང་འབྲེལ་དེ་ནང་ཡང་ བར་ཚོང་འཐབ་མི་ཚུ་ མགུ་མཐུད་དེ་ འབྲུག་ལས་ཐོན་མི་ ཚལ་ལུའི་གོང་ཚད་ ཡར་སེང་འགྱོ་མ་བཅུག་པར་ བཞག་ནི་གི་ འོས་འབབ་ཡོདཔ་ལས་ གཞུང་གིས་ བར་འཛུལ་ཐོག་ ཟུང་ཕྱོགས་ཚོང་འབྲེལ་མཐུན་ལམ་ ལག་ལེན་འཐབ་སྟེ་ དཀའ་ངལ་སེལ་བ་ཅིན་ ཕྱིར་ཚོང་འཐབ་མི་དང་ སོ་ནམ་པ་གཉིས་ཆ་ར་ལུ་ ཕན་ཁྱད་འབྱུང་ཚུགས།
Check Also
བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།
༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …