༉ སོ་ནམ་ཚོང་ཁང་ཚུ་གིས་ ལ་མཐོ་སའི་ས་གནས་ གླིང་བཞི་དང་ སྲོས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་རུང་ ཚོང་ཁང་རྒྱུན་སྐྱོང་འཐབ་མི་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ལུ་ རྒུད་ཕོག་ནི་དེ་གིས་ གནས་སྐབས་ཅིག་གི་རིང་ སྒོ་བསྡམས་བཞག་ནི་དེ་གིས་ མི་སེར་ཚུ་ལུ་ ཉེར་མཁོའི་བཟའ་འཐུང་ཚུ་ འཐོབ་མ་ཚུགས་པའི་གདོང་ལེན་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།
གནད་དོན་དེ་ ཁ་ཙ་ ཉིནམ་ཅིག་གི་རིང་འཚོགས་མི་
གནད་དོན་དེའི་སྐོར་ལས་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་ངོ་ཚབ་ཀྱིས་ གླིང་བཞི་དང་ སྲོས་རྒེད་འོག་གི་སོ་ནམ་ཚོང་ཁང་ བཙུགས་མི་དེ་གིས་ ལས་འཛིན་ལུ་ རྒུད་སྦོམ་ཕོག་ནི་དེ་ བསྡམས་བཞག་དགོཔ་བྱུང་སྟེ་ཡོད་ཟེར་བཤད་ཅི།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོང་ཁང་ནང་ ཚོང་བཙོང་མི་བཙུགས་མི་ཚུ་གི་དོན་ལུ་ དངུལ་ཕོགས་ཡང་ དེ་ནང་ལས་བཏོན་དགོཔ་ཨིན་རུང་ འདས་པའི་ལོ་ཚུ་ནང་ དངུལ་ཀྲམ་འབུམ་ལས་བཅད་དེ་ གྱོང་རྒུད་ཕོག་ནི་དེ་གིས་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ང་ཚབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྲོས་དང་ གླིང་བཞི་གི་དོན་ལུ་ ཅ་ཆས་ཚུ་ ཤར་ན་ཚུན་བསྐྱལ་ཏེ་ དེ་ཁ་ལས་ མི་ཚུ་གིས་ འབག་བསྐྱལ་དོ་ཡོད་རུང་ དོས་གླའི་ཐད་ཁར་ ཧེ་མར་ གན་རྒྱ་བཟོ་སྟེ་ཡོད་རུང་ ད་རེས་མེདཔ་ལས་ གླ་ཆ་དང་འབྲེལ་བའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ དེ་ཡང་ སྲོས་དང་ ལ་ཡ་ ལུང་ནག་ན་ དེ་ལས་ གླིང་བཞི་གི་དོན་ལུ་ དོས་གླ་དངུལ་ཀྲམ་ས་ཡ་༤.༦ ལྷགཔ་ཅིག་ ལས་འཛིན་གྱིས་ སྤྲོད་དགོཔ་བྱུང་ཡོདཔ་ལས་ གླ་ཆ་དེ་ གཞུང་གིས་ གནང་མ་ཚུགས་པ་ཅིན་ ཅ་ཆས་ཀྱི་གོང་ཚད་ནང་ བཀལ་དགོཔ་འབྱུང་ནི་མས་ཟེར་ཨིན་པས།
ཚོང་ཁང་དེ་གིས་ ལ་མཐོ་སའི་མི་ཚུ་ལུ་ ཕན་ཐོགས་ཡོད་རུང་ སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ སྲོས་རྒེད་འོག་ནང་ལས་ དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་ གྱོག་རྒུད་ཕོག་ཡོད་པའི་ཁར་ གླིང་བཞི་རྒེད་འོག་ནང་ལས་ཡང་ སྤྱི་ལོ་༢༠༢༠ དང་༢༠༢༡ བསྡོམས་ཏེ་ དངུལ་ཀྲམ་འབུམ་༥༠༠,༠༠༠ ལྷགཔ་ཅིག་ རྒུད་ཕོག་སྟེ་ཡོད་ཟེར་ཨིན་པས།
གནད་དོན་དེ་ལུ་ བསྐྱར་ཞིབ་ཐེངས་༢ འབད་བའི་ཁར་ སྤྱི་ཚོགས་ནང་ཡང་ གྲོས་བསྟུན་བྱུང་ཡོདཔ་ལས་ སྤྱི་ཟླ་༦ པའི་ནང་ བཀོད་ཚོགས་ནང་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ ངོ་ཚབ་ཀྱིས་སླབ་ཡོདཔ་ད་ གནད་དོན་དེ་ ལས་འཛིན་གྱི་བཀོད་ཁྱབ་གཙོ་ འཛིན་འགོ་དཔོན་ཚུ་ཡང་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས།
གླིང་བཞི་རྒཔོ་དབང་འདུས་ཀྱིས་ སླབ་མིའི་ནང་ རྒེད་འོག་ནང་ ཚོང་ཁང་དེ་ཅིག་མེད་པའི་ཁར་ རྟ་གསོ་མི་ཡང་ གངམ་མེདཔ་ལས་ རྒྱགས་སྐལ་དོན་ལུ་ མི་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ འགྱོ་མི་ཚུགས་པས་ཟེར་ཨིནམ་ད་ སོ་ནམ་ཚོང་ཁང་གིས་ ཐ་ན་ ཞི་ གཡོགཔ་ཚུ་ལུ་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
རྒཔོ་གིས་ ཧེ་མ་འབད་བ་ཅིན་ དོས་གླ་ཚུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ བྱིན་དོ་ཡོད་མི་དེ་ལུ་ ཁ་སྐོང་སྦེ་ བྱིན་མ་ཚུགས་རུང་ ཧེ་མའི་ཐོབ་ལམ་དེ་ འཕྲོ་མཐུད་མ་འབད་བ་ཅིན་ མི་སེར་ཚུ་ལུ་ སྐྱིད་སྡུག་ཕོག་ནི་མས་ཟེར་བཤད་ཅི།
རྫོང་ཁག་གི་ གཙོ་འཛིན་སོ་ནམ་འགོ་དཔོན་འོགམ་ བསོད་ནམས་བཟང་པོ་གིས་ སླབ་མིའི་ནང་ སོ་ནམ་ཚོང་ཁང་གཞི་བཙུགས་འབད་བའི་སྐབས་ དམིགས་གཏད་གསུམ་གྱི་ཐོག་ལས་འབད་ཡོད་རུང་ གཡུས་ཁར་དགོ་པའི་ ཉེར་མཁོའི་བཟའ་འཐུང་ཚུ་ བཙོང་ནིའི་དམིགས་ཡུལ་རྐྱངམ་གཅིག་ལུ་ ཤུགས་བཏོན་དགོཔ་བྱུང་ནུག་ཟེར་བཤད་ཅི།
ནཱ་རོ་རྒཔོ་ མགོནམ་ཚེ་རིང་གིས་ ཁོ་རའི་རྒེད་འོག་ནང་ཡང་ སོ་ནམ་ཚོང་ཁང་དགོཔ་ཡོདཔ་ལས་ ཁྱིམ་དགོ་རུང་ ཁྱིམ་སྟོངམ་ལེ་ཤ་ཡོདཔ་ལས་ རྒྱབ་སྐྱོར་ཡོད་ཟེར་བཤད་ཅི།
ད་ལྟོ་ ཚོང་ཁང་གི་དོན་ལུ་ ཁྱིམ་རྐྱབ་མ་ཚུགས་རུང་ དེ་འཕྲོ་ལས་བཙུགས་ནིའི་ འཆར་གཞི་འབད་བ་ཅིན་ ཁྱིམ་གྱི་དཀའ་ངལ་མི་འཐོན་ཟེར་ རྒཔོ་གིས་བཤད་ཅི།
གླིང་བཞི་རྒེད་འོག་གི་ སོ་ནམ་ཚོང་པ་དེ་ སྤྱི་ལོ་༢༠༡༨ ལུ་འགོ་བཙུགས་ཡོདཔ་ད་ ཐིམ་ཕུག་རྫོང་བདག་ རྡོ་རྗེ་ཚེ་རིང་གིས་ གནད་དོན་དེ་ ལྷན་ཁག་དང་འབྲེལ་བའི་ སྤྱི་ཚོགས་ཀྱི་འཐུས་དང་གཅིག་ཁར་ གྲོས་བསྟུན་འབད་བ་ཅིན་བཏུབ་པས་ཟེར་ བཤད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།