༉ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་མིའི་ནང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་ཚད་ བརྒྱ་ཆ་༡༠ ཡར་དྲག་གཏང་ནི་གི་ ཁས་བླངས་འབད་མི་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ ཡུན་འགྱངས་ལུས་མི་དང་ སྤྱི་ལོ་༢༠༡༣ ལུ་ དཔལ་འབྱོར་གྱི་འཕེལ་ཚད་ བརྒྱ་ཆ་༢ རྐྱངམ་གཅིག་ཨིན་་མི་ལུ་བརྟེན་ གྲུབ་མ་ཚུགས་ཟེར་ཨིན་པས།
དེ་ཡང་ དྲི་བཀོད་ཀྱི་ ལས་རིམ་ནང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ མ་གཞི་ གཞུང་གིས་ དཔལ་འབྱོར་འཕེལ་ཚད་དེ་ བརྒྱ་ཆ་༡༠ གུ་ བཀལ་ནི་གི་ ཁས་བླངས་འབད་ཡོད་རུང་ ད་ལྟོ་ བརྒྱ་ཆ་༥ ལས་བརྒལ་ གྲུབ་མ་ཚུགས་པས་ཟེར་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ འཆར་གཞི་༡༠ པའི་ ཟད་འགྲོ་ཡོངས་བསྡོམས་དེ་ དངུལ་ཀྲམཐེར་འབུམ་༡༤༥ ཨིན་མི་དེ་ ཐེར་འབུམ་༢༡༣ གུ་ ཡར་སེང་སོང་ཡོད་རུང་ གྲུབ་འབྲས་དེ་ ཟད་རྩིས་དང་འཁྲིལ་ མ་ཐོན་པས་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དམིགས་གཏད་དང་འཁྲིལ་ གྲུབ་འབྲས་བཏོན་མ་ཚུགས་མི་དེ་ འདས་པའི་གཞུང་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གྱི་ལཱ་ཚུ་ དུས་ཚོད་ཁར་ འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ཨིན་ཟེར་ཞུ་ཡི།
མ་གཞི་ ལས་འགུལ་དེ་ སྤྱི་ལོ་༢༠༡༥ ཟླ་༡༡ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཧེ་མ་ལས་ ཞིབ་འཚོལ་ལེགས་ཤོམ་སྦེ་འབད་མི་ ལས་འགུལ་གྱི་ ས་ཁོངས་དེ་ ས་གནས་གཞན་ཁར་ སྤོ་བཤུད་རྐྱབ་མི་ལུ་བརྟེན་ དེ་ཁ་ལས་ཚུར་ ས་ཆའི་སྤུས་ཚད་ཀྱི་ དཀའ་ངལ་ཐོན་ནི་ འགོ་བཙུགས་ཅི་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ ད་ལྟོ་ ལཱ་བརྒྱ་ཆ་༨༥ གྲུབ་ཡོདཔ་བཞིན་དུ་ ལས་འགུལ་དེ་ སྤྱི་ལོ་༢༠༢༣ ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཞུ་ཡི།
ད་རུང་ སྤྱི་ལོ་༢༠༡༣ ལུ་ དཔལ་འབྱོར་གྱི་ འཕེལ་ཚད་དེ་ བརྒྱ་ཆ་༢.༡ གུ་གནས་ཡོད་མི་ དམའ་ཤོས་ཅིག་ཨིནམ་ལས་ དེ་གིས་ དཔལ་འབྱོལ་འཕེལ་ཚད་ བརྒྱ་ཆ་༡༠ གུ་བཀལ་ནི་ལུ་ ཐོ་ཕོག་ཅི་ཟེར་ བློན་ཆེན་གྱིས་ ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་ནང་ རུ་པའི་དཀའ་ངལ་ཡོད་རུང་ གཞུང་གིས་ དཔྱ་སྙོམས་ཀྱི་ དཔལ་འབྱོར་འཕེལ་ཚད་དེ་ བརྒྱ་ཆ་༧.༩ གུ་བཀལ་ཡི་ཟེར་ཨིནམ་ད་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ མཐོ་ཤོས་ཨང་༡༠ གྱི་གྲངས་སུ་ ཚུད་དེ་ཡོད་ཟེར་ཞུ་ཡི།
བློན་ཆེན་གྱིས་ དེ་སྦེ་ དཔལ་འབྱོར་ཡར་དྲག་འགྱོ་མི་དེ་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ལུ་བརྟེན་ཨིན་ཟེར་ ཞུ་བའི་ཁར་ འཆར་གཞི་༡༡ པ་དེ་ མཇུག་བསྡུ་བའི་བསྒང་ལས་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཀྱིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༧ བཟོ་ཚུགས་ཟེར་ཞུ་ཡི།
བཟོ་གྲྭ་འཕྲུལ་ཁང་ཆུང་བ་ཚུ་གི་དོན་ལུ་ འཆར་གཞི་༡༠ པའི་ནང་ ཆོག་ཐམ་༡༣,༠༠༠ སྤྲོད་ཡོད་མི་དེ་ ད་རེས་༡༩,༠༠༠ གུ་ ཡར་སེང་སོང་ཡོདཔ་མ་ཚད་ ཚོང་འབྲེལ་ཆོག་ཐམ་ཚུ་ཡང་༡༩,༤༠༠ ལས་ ད་རེས་ ཆོག་ཐམ་༤༠,༠༠༠ གུ་ ཡར་སེང་བཏང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ཞུ་ཡི།
ད་ལྟོ་ ཕྱི་དངུལ་གསོ་འཇོག་ནང་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༢ དང་ རྒྱ་གར་གྱི་ རུ་པི་ཐེར་འབུམ་༡༨.༦ ཡོདཔ་ད་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ སྐྱིན་འགྲུལ་ལེན་མི་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ དངུལ་ཀྲམ་ཐེར་འབུམ་༥༧ ལས་ དངུལ་ཀྲམ་ཐེར་འབུམ་༡༠༥ ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།