བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང།

གཞུང་གིས་ ཇ་པཱན་ལུ་ཡོད་མི་ འབྲུག་མི་ཚུ་གི་ དཀའ་ངལ་སེལ་ནིའི་ ཐབས་ལམ་བཏོན་དོ་ཡོདཔ།

༉ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་གཅིག་ཁར་ བདུན་རིམ་གནས་ཚུལ་ཞལ་འཛོམས་ འཚོགས་པའི་སྐབས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཇ་པཱན་ལུ་ དཔེ་ཆ་ལྷབ་ནི་དང་འབྲེལ་ ལཱ་འབད་བར་འགྱོ་མི་ འབྲུག་མི་ཚུ་གིས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་དང་ མི་སྡེའི་དཀའ་ངལ་གཞན་ སེལ་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ ཐབས་ལམ་ཅིག་ བཏོན་དོ་ཟེར་གསུངས་ཡི།
ཇ་པཱན་ལུ་བྱུང་མི་ དཀའ་ངལ་ངོ་མ་ར་ ཇ་པཱན་གྱི་ འཚོ་བའི་གནས་སྟངས་ཀྱི་ གནས་ཚད་དེ་ མཐོ་ཤོས་ཅིག་འབདཝ་ལས་ དེ་དང་འཁྲིལ་ གནས་མ་ཚུགས་པའི་ གདོང་ལེན་དང་ དཔལ་འབྱོར་གནས་སྟངས་ལུ་བརྟེན་བྱུངམ་ཨིན་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཤེས་ཡོན་ལྷབ་སྦྱང་འབད་ནི་དང་ ལཱ་འབད་ནིའི་ ལས་འཆར་བརྒྱུད་དེ་སོང་མི་ འབྲུག་མི་ཚུ་ལུ་ ཇ་པཱན་རྒྱལ་ཁབ་ནང་ གདོང་ལེན་ལེ་ཤ་བྱུང་སྟེ་ཡོད་པའི་སྐོར་ལས་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ བརྡ་བརྒྱུད་ཚུ་ནང་གསལ་བཀོད་འབད་ཡོདཔ་ད་ དེ་ཡང་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་དང་ དཔེ་ཆ་ལྷབ་ནིའི་ འཐུས་ བཏབ་མ་ཚུགས་པའི་སྐོར་ལས་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ བློན་ཆེན་ཡིག་ཚང་གིས་ ཇ་པཱན་ལུ་ཡོད་པའི་ འབྲུག་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ཨིནམ་ད་ གཞུང་གིས་ འབྲུག་པའི་ཨ་ལོ་ཚུ་ ལོག་སྟེ་འབོ་ནི་དང་ ཡང་ཅིན་ སྐྱིན་འགྲུལ་གྱི་སྐྱེད་ མར་ཕབ་འབད་དེ་ ཇ་པཱན་ལུ་ར་ སྡོད་ཚུགསཔ་བཟོ་ནིའི་ ཐབས་ཤེས་ཚུ་ བལྟ་དོ་ཟེར་གསུངས་ཡི།
བློན་ཆེན་གྱིས་ རྒྱལ་ཁབ་ནང་ རང་མགོ་རང་འདྲོངས་སྦེ་སྡོད་མི་ ཨ་ལོ་ཨིན་པ་ཅིན་ ཕྱིའི་རྒྱལ་ཁབ་ནང་ར་ མི་འགྱོ་འོང་ཟེར་ གསུངས་པའི་ཁར་ དཀའ་ངལ་དེ་ ཁྲིམས་ཀྱི་ཐོག་ལས་ སེལ་ཐབས་འབད་ནི་མེན་པར་ མི་སྡེའི་གནས་སྟངས་ཧ་གོ་སྟེ་ སེལ་དགོཔ་དེ་ ཁག་ཆེ་བས་ཟེར་གསུངས་ཡི།
ཁོ་གིས་འབད་བ་ཅིན་ ཇ་པཱན་ལུ་འགྱོ་མི་ འབྲུག་གི་ན་གཞོན་ཚུ་གིས་ སྐྱིན་ཚབ་བཏབ་དགོཔ་ ག་དེམ་ཅིག་ཡོདཔ་ཨིན་ན་བལྟ་སྟེ་ གཞུང་གི་ཧོངས་ལས་ བཏབ་ནི་གི་ འོས་འབབ་ག་དེ་སྦེ་ཡོདཔ་ཨིན་ན་ ལཱ་གཡོག་ལྷན་ཁག་དང་གཅིག་ཁར་ བློ་སླབ་པའི་བསྒང་ཡོད་ཟེར་ཨིནམ་ད་ གཞུང་གིས་ སྐྱིན་འགྲུལ་བཏབ་ཐབས་མེད་པ་ཅིན་ སྐྱེད་མེདཔ་བཟོ་སྟེ་ དཔལ་འབྱོར་གྱི་ ཨུ་ཚུགས་བྱུང་མི་དང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་ དཀའ་ངལ་སེལ་ནིའི་ ཐབས་ལམ་ཚུ་ བལྟ་དོ་ཟེར་ བློན་ཆེན་གྱིས་ གསུངསམ་ཨིན་པས།
བློན་ཆེན་གྱིས་ ཇ་པཱན་ལུ་གཏང་ནིའི་ ལས་རིམ་བཟོ་མི་དེ་ སྡེ་ཚན་སོ་སོ་འབདཝ་ལས་ རང་གི་མནོ་མི་དང་ རྟགས་མཐུན་དགོཔ་དེ་ ཁག་ཆེ་བས་ཟེར་ གསུངས་པའི་ཁར་ གཞུང་གིས་ འདི་འཕྲོ་ལས་ སེལ་ཚུགས་པའི་དཀའ་ངལ་རྩ་ལས་མེན་པས་ཟེར་གསུངས་ཡི།
བློན་ཆེན་གྱིས་ འཕྲལ་ཁམས་ཅིག་ཁར་ ཇ་པཱན་རྒྱལ་ཁབ་ནང་ འབྲུག་མི་ཕོ་སྐྱེས་ཅིག་གིས་ རང་སྲོག་བཅད་མིའི་ གནད་དོན་ཡང་ ཁོ་ར་ལུ་ཡོད་པའི་ དཀའ་ངལ་དང་ མི་སྡེའི་གནད་དོན་ལུ་བརྟེན་ཏེ་ རང་སྲོག་རང་གིས་ བཅད་དཔ་འོང་སྲིད་ནི་ཨིནམ་ལས་ མི་སྡེའི་གནད་དོན་ཚུ་ཡང་ བལྟ་དགོཔ་ལེ་ཤ་འདུག་ཟེར་ གསུངས་ཡི།
ཇ་པཱན་ལུ་ དཔེ་ཆ་ལྷབ་ནི་དང་ ལཱ་འབད་ནིའི་ ལས་རིམ་དེ་ འབྲུག་མི་རྐྱངམ་གཅིག་ལུ་བྱིན་ཏེ་འདུག་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ འབྲུག་མི་ཚུ་གིས་ འོང་འབབ་མངམ་སྦེ་ བཟོ་ཐབས་ལུ་ ཇ་པཱན་ལུ་ འཕྲུལ་རིག་ནང་ ལཱ་གཡོག་གི་ སྦྱོང་བརྡར་བྱིན་ནིའི་དོན་ལས་ ཇ་པཱན་གྱི་ གཞུང་ཚབ་དང་གཅིག་ཁར་ བློ་སླབ་སྟེ་ཡོདཔ་ལས་ ད་ལྟོའི་ལས་རིམ་ལས་ ལོག་ལྟབ་ཀྱིས་དྲག་ཟེར་གསུངས་ཡི།
བརྡ་བརྒྱུདཔ་ཚུ་གིས་ མ་ལེ་ཤི་ཡ་ལུ་འགྱོ་མི་ འབྲུག་གི་ན་གཞོན་ཚུ་ལུ་ཡང་ ལཱ་གཡོག་ནང་ སྟབས་མ་བདེཝ་བྱུང་ཡོད་པའི་སྐོར་ལས་ དྲི་བ་བཀོད་པའི་ལན་ལུ་ བློན་ཆེན་གྱིས་འབད་བ་ཅིན་ འབྲུག་པའི་ཨ་ལོ་ཚུ་ དཔེ་ཆ་ལྷབ་ནིའི་དང་ ལཱ་འབད་ནིའི་དོན་ལས་ བཏང་ཡོད་རུང་ ཁོང་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་ བཟོ་ནི་ལུ་དམིགས་ཏེ་ ལཱ་འབད་ཆོག་པའི་ དུས་ཚོད་ལས་ལྷག་སྟེ་ ལཱ་འབད་ནི་དེ་གིས་ དཀའ་ངལ་བྱུང་ཡོདཔ་བཟུམ་འདུག་ཟེར་ཨིན་པས།
མ་ལེ་ཤི་ཡ་ལུ་ བྱུང་ཡོད་པའི་ དཀའ་ངལ་གྱི་ཐད་ཁར་ ཕྱི་འབྲེལ་ལྷན་ཁག་གིས་ དཀའ་ངལ་བྱུང་མི་ཚུ་དང་ འབྲེལ་བ་ཐད་ཀར་དུ་ འཐབ་ཡོདཔ་ཨིན་རུང་ འདི་འཕྲོ་ལས་ སེལ་ཚུགས་པར་ ལཱ་ཁག་ཡོདཔ་ལས་ གནད་དོན་ཚུ་ གཞུང་གི་ཁ་ཐུག་ལས་ བལྟ་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཇ་པཱན་ལུ་ ཤེས་ཡོན་ལྷབ་སྦྱང་དང་ ལཱ་གཡོག་གི་ ལས་རིམ་ཐོག་ལས་ འབྲུག་མི་༧༤༤ དེ་ཅིག་ སོང་ཡོད་མིའི་གྲས་ལས་༣༠ རྒྱལ་ཁབ་ནང་ ལོག་འོང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *