༉ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༡༢ པའི་ཚེས༡༤ ལུ་ བློན་ཆེན་དང་ བརྡ་བརྒྱུདཔ་ཞལ་འཛོམས་ནང་ ཆུའི་གནད་དོན་ཐོག་ དྲི་བཀོད་འབད་བའི་སྐབས་ ལྷན་རྒྱས་གདན་ས་ལུ་ ཁོ་རའི་གཟིམ་ཅུང་ནང་ ཆུ་མེད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་ཁང་ནང་ ཁོ་རའི་ཡིག་ཚང་ནང་ ཞལ་བསིལ་ཡོད་པའི་སྐོར་ལས་ དཔེ་དང་སྦྲགས་ ད་རེས་ནངས་པར་ ཆུ་ག་དེམ་ཅིག་ གལ་ཅན་ཨིན་ནའི་སྐོར་ལས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ཆུ་དེ་ གནམ་མེད་ས་མེད་ ཁག་ཆེ་མི་ལུ་བརྟེན་ དགོས་མཁོ་ཡོད་སར་ འཐུང་ཆུ་དང་ ཞིང་ཆུ་༢ ཆ་རའི་ དཀའ་ངལ་བསལ་ཐབས་ལུ་ འབྲེལ་བ་འཐབ་སའི་ ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
གཞུང་གིས་ ཆུའི་དཀའ་ངལ་ བསལ་ནིའི་དོན་ལུ་ ག་དེམ་ཅིག་ ལཱ་ཁག་ཡོད་རུང་ མེད་ཐབས་མེད་པའི་ གནད་དོན་ཅིག་སྦེ་ ཆ་འཇོག་འབད་དེ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ མ་གཞི་ ཆུའི་གནད་དོན་དེ་ མི་མང་གསོ་བའི་ལས་ཁུངས་དང་ སོ་ནམ་ལྷན་ཁག་ལ་སོགས་པའི་ ལས་སྡེ་ཚུ་གིས་ ལྟ་རྟོག་འབད་བཞིན་དུ་ཡོད་རུང་ དཀའ་ངལ་དེ་ ཐོན་ཏེ་ར་ཡོདཔ་ལས་ གཞུང་གིས་ འཆར་གཞི་༡༢ པའི་ནང་ ཆུའི་ཁས་བླངས་དེ་ གྲུབ་ཚུགསཔ་ འབད་ནི་ཟེར་ཨིན་པས།
གཞུང་གིས་ ཆུ་དང་འབྲེལ་བའི་ ལས་འགུལ་སྦོམ་ཅིག་ གཞི་བཙུགས་འབད་དོ་ཡོད་རུང་ ལས་འགུལ་དེ་གི་སྐོར་ལས་ ཁ་གསལ་སྦེ་ མ་གསུངས་པའི་ཁར་ ཆུའི་དཀའ་ངལ་དེ་ གནད་དོན་རྩ་ཅན་ཅིག་ཨིནམ་ལས་ སེལ་དགོཔ་ངེས་བདེན་ཨིན་མི་དེ་ཡང་ དཔེར་ན་ གློག་མེ་ཆད་པའི་སྐབས་ འབྲུག་གློག་མེ་ལས་འཛིན་ལུ་ ཨང་གྲངས་ཅིག་ནང་ བརྒྱུད་འཕྲིན་བཏང་དོ་བཟུམ་སྦེ་ ཆུའི་དོན་ལུ་ཡང་ ཞབས་ཏོག་གཞི་བཙུགས་འབད་ནི་ཟེར་ གསུངས་ཡི།
མ་གཞི་ ལུང་ཕྱོགས་ནང་ ཆུ་གིས་ ཕྱུག་པའི་རྒྱལ་ཁབ་ཅིག་ཨིན་རུང་ ཞིང་ཆུ་མ་ལང་མི་ལུ་བརྟེན་ ཨ་རིང་སྟོངམ་ལུས་མི་དང་ འཐུང་ཆུ་མ་ལང་ནི་དེ་གིས་ ཆུའི་ཀ་ལི་ཚུ་ བདག་མེད་སྦེ་ ལུས་དོ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ལོ་༢༠༢༡ ལས་ རྒྱལ་ཁབ་ནང་ འཐུང་ཆུ་དང་ ཞིང་ཆུ་ བརྒྱ་ཆ་ལས་ བརྒྱ་ཆ་སྦེ་ བཀྲམ་སྤེལ་འབད་ནིའི་ ཁས་བླངས་ཡོདཔ་ད་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ དུམ་གྲ་ཅིག་ ཡར་རྒྱས་སོང་ཡོད་རུང་ ཆུ་མ་ལང་པའི་དཀའ་ངལ་དེ་ གདོང་ལེན་ཅན་ཅིག་སྦེ་ ལུས་ཏེ་ཡོདཔ་ཨིན་པས།
གཞུང་གིས་ འབད་བ་ཅིན་ ཆུའི་དཀའ་ངལ་དེ་ རྒྱལ་ཁབ་ནང་ བཀྲམ་སྤེལ་གྱི་ ལམ་ལུགས་དང་ ཁྲིམས་ལུགས་བསྟར་སྤྱོད་ཀྱི་ ལམ་ལུགས་སྒྲིང་སྒྲི་མེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ཞིབ་འཚོལ་དང་འཁྲིལཝ་ད་ འབྲུག་ལུ་ མི་རེ་ལུ་ ཆུ་ཀིའུ་བིག་མི་ཊར་༡༠༩,༠༠༠ རེ་ ཁྱབ་མི་དེ་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིན་རུང་ རྒྱལ་ཁབ་ནང་ གྲོང་གསེབ་ཀྱི་ གཡུས་སྒོ་དང་ ཁྲོམ་ཚུ་ནང་ ཆུའི་དཀའ་ངལ་ཡོད་པའི་སྐོར་ ཆུའི་གདོང་ལེན་ ཐོན་བཞིན་དུ་ར་འདུག་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།