གཞུང་གིས་ ཆང་བཟུམ་སྦེ་ར་ མིའི་ཚེ་སྲོག་ལུ་ གཙོ་རིམ་བཟུང་དགོཔ།

༉ དུས་ཅི་ གཞུང་གིས་ ཆང་གི་ཆོག་ཐམ་ ཐོབ་ཆོག་ཆོ་བཟོ་མི་ལུ་བརྟེན་ མི་སྡེ་ལས་ཚོགས་ཅིག་ཨིན་མི་ འབྲུག་སྤྱི་མཐུན་ཕན་བདེ་ཚོགས་པ་གིས་ གཞུང་ལུ་ གནད་དོན་ཁག་མ་འདྲཝ་༨ ངོས་ལེན་འབད་དགོ་པའི་ གྲོས་འཆར་བཙུགས་ནུག།

དེ་ཡང་ མི་ཚེ་ལེགས་བཅོས་ལྟེ་བ་ མངམ་གཞི་བཙུགས་འབད་ནི་དང་ གཞུང་ལས་རྒྱབ་སྐྱོར་དགོ་ནི་ བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གོ་བརྡ་སྤེལ་ནི་ བཙོན་ཁང་ལེགས་བསྒྱུར་ དེ་ལས་ ཆང་དང་འབྲེལ་བའི་ སྨན་བཅོས་ཞབས་ཏོག་ ཡར་དྲག་གཏང་དགོཔ་ཚུ་ཨིན་པས།

གསོ་བ་ལྷན་ཁག་གི་ ལོ་བསྟར་སྙན་ཞུ་༢༠༢༢ དང་འཁྲིལ་བ་ཅིན་ ལོ་ལྔའི་ནང་འཁོད་ ཆང་ནད་ལུ་བརྟེན་ཏེ་ མི་༡༣,༢༥༠ ལུ་ ཤི་རྐྱེན་བྱུང་ཡོད་མི་ལས་ མཐོ་ཤོས་ར་ སྤྱི་ལོ་༢༠༡༩ ལུ་ ངོ་རྐྱང་༢,༧༧༡ དང་ སྤྱི་ལོ་༢༠༡༨ ལུ་ ངོ་རྐྱང་༢,༧༣༢ ཀྱི་ ཚེ་སྲོག་ལུ་ གནོད་པ་རྐྱབ་ནུག།

ད་རུང་ སྤྱི་ལོ་༢༠༢༡ ལུ་ མི་༡༤༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ འབུ་ནི་མེད་པའི་ ནད་གཞི་༡༠ གྱི་གྲས་ལས་ མཐོ་ཤོས་ར་ ཆང་ནད་དེ་ཨིན་པས།

འབྲུག་སྤྱི་མཐུན་ཕན་བདེ་ཚོགས་པའི་ བཀོད་ཁྱབ་མདོ་ཆེན་ ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་  གཞུང་གིས་ ཆང་གི་ཆོག་ཐམ་བྱིན་དོ་བཟུམ་ མིའི་ཚེ་སྲོག་ལུ་ཡང་ ཅོག་འཐདཔ་སྦེ་ གཙོ་རིམ་བཟུང་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཆང་ལུ་ཤུགས་ཐལ་མི་ཚུ་ སྨན་ཁང་ནང་ ལྷོདཔ་ད་མ་གཏོགས་ དེ་གི་ཧེ་མ་ གཞུང་གིས་ རྒྱབ་སྐྱོར་ག་ནི་ཡང་ མི་འབད་བས་ཟེར་ཨིནམ་ད་ ཚོགས་པ་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བ་ཅིན་ མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།

གཞུང་གི་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་ བཟའ་འཐུང་གི་འཐུས་ དངུལ་ཀྲམ་༣,༠༠༠ རེ་གནང་པ་ཅིན་ ཚོགས་པ་གིས་ མི་ངོ་༨༠ ལས་༡༨༠ གི་བར་ན་ སྤུས་ཚད་ཅན་གྱི་ སྨན་བཅོས་དང་ ཞབས་ཏོག་བྱིན་ཚུགས་ནི་མས་ཟེར་ཨིནམ་ད་ གཞུང་དང་མི་སྡེ་ལས་ཚོགས་གཉིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བ་ཅིན་ ཆང་དང་སྨྱོས་རྫས་ལུ་ ཤུགས་ཐལ་མི་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ བཀོད་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་དཔལ་འབྱོར་ ཡར་དྲག་གཏང་ནི་གི་ ཐབས་ལམ་ལེ་ཤ་ཡོད་རུང་ ཆང་གི་ཆོག་ཐམ་ར་བྱིན་དགོཔ་ཅིག་ མ་མཐོང་ཟེར་ཨིནམ་ད་ ཆང་དང་འབྲེལ་བའི་སྲིད་བྱུས་ དཔེ་འབད་བ་ཅིན་ སྐྱེས་ལོ་༡༨ མན་ཆད་ ཆང་བྱིན་མི་ཆོག་ཟེར་ བཀོད་མི་ཚུ་ ལྟ་རྟོག་དམ་སྒྲིང་འབད་དགོཔ་འདུག་ཟེར་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༧ ལུ་ ཆང་ལས་བརྟེན་པའི་ བྱ་སྤྱོད་དང་ སེམས་ཁམས་དང་འབྲེལ་བའི་ སྟབས་མ་བདེཝ་༩༢༥ ཐོན་ས་ལས་ སྤྱི་ལོ་༢༠༢༡ ལུ་ གནད་དོན་༡,༩༠༦ གུ་ ཡར་སེང་སོང་ཡོདཔ་ཨིན་པས།

འབྲུག་སྤྱི་མཐུན་ཕན་བདེ་ཚོགས་པ་ནང་ ཟླ་རིམ་བཞིན་དུ་ ཆང་དང་སྨྱོས་རྫས་ལུ་ ཤུགས་ཐལ་མི་༡༠,༠༠༠ རེ་ ཞབས་ཏོག་ལེན་པ་འོང་དོ་ཡོདཔ་ད་ དེ་ཡང་ ཟད་འགྲོ་བཏང་ཚུགས་མི་རྐྱངམ་ཅིག་ འོང་དོ་ཡོདཔ་ཨིན་པས།

བཀོད་ཁྱབ་མདོ་ཆེན་གྱིས་འབད་བ་ཅིན་ ཆང་དང་སྨྱོས་རྫས་ལུ་ཤུགས་ཐལ་མི་ཚུ་ སྨན་བཅོས་འབད་བའི་སྐབས་ གཞུང་གིས་ ཉིན་བསྟར་བཟའ་འཐུང་གི་འཐུས་ དངུལ་ཀྲམ་༣,༠༠༠ རེ་ རྒྱབ་སྐྱོར་དགོ་པའི་ གྲོས་འཆར་བཙུགས་རུང་ ལན་གསལ་ཅིག་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།

ནུབ་ཕྱོགས་རྫོང་ཁག་གི་དོན་ལས་ བསླབ་སྟོན་ལྟེ་བ་མ་ལང་པའི་ དཀའ་ངལ་མེད་རུང་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་འབད་བ་ཅིན་ དཀའ་ངལ་ཡོདཔ་ལས་ མཐའ་ཟུར་ལས་ ཞབས་ཏོག་ལེན་པར་ འོང་མི་ཚུ་ལུ་ སྟབས་མ་བདེཝ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

གསོ་བའི་རྒྱབ་སྐྱོར་དང་གོ་བརྡ།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ སྤྱི་མཐུན་ཚོགས་པའི་ བསླབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ནི་དང་ ཧེ་མ་ལས་ཡོད་པའི་ བསླབ་སྟོན་པ་ཚུ་གི་ ལྕོགས་གྲུབ་ཡར་དྲག་གཏང་ནིའི་ རྒྱབ་སྐྱོར་འབད་ནི་སྦེ་ ཁ་སླབ་ཅི་ཟེར་ཨིན་པས།

གསོ་བ་ལྷན་ཁག་གིས་ ཆང་བཀག་ཐབས་དང་འབྲེལ་བའི་ གོ་བརྡ་སྤེལ་ནི་རྐྱངམ་གཅིག་མེན་པར་ ཆང་མར་ཕབ་ཀྱི་ ལས་རིམ་བརྩམས་ཏེ་ཡོད་ཟེར་ བློན་པོ་གིས་ བཤད་པའི་ཁར་ མི་ཚེ་ལེགས་བཅོས་དང ཆང་དང་སྨྱོ་རྫས་སྤྱོད་ནི་ལས་ བཀག་ཐབས་ཀྱི་སྨན་བཅོས་ཚུ་ པདྨ་ལྟེ་བ་དྲུང་ཆེན་ཡིག་ཚང་གིས་ འབད་འོང་ཟེར་ བཤདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ཆང་བཀག་ཐབས་ཀྱི་ ལས་རིམ་ཚུ་ འགོ་བཙུགས་ཏེ་ སྤྱི་ཚོགས་ཀྱི་ འཐུས་མི་དང་ གཞུང་གི་དྲུང་ཆེན་ཚུ་ལུ་ གོ་བརྡ་སྤེལ་ཡི་ཟེར་ཨིནམ་ད་ རིམ་པ་བཞིན་དུ་ མི་སྡེ་ལས་ཚོགས་དང་ བརྡ་བརྒྱུདཔ་ཚུ་ལུ་ གོ་བརྡ་སྤེལ་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།

མི་ཚེ་ལེགས་བཅོས་དང་ ཆང་བཀག་ཐབས་ཀྱི་སྨན་བཅོས་ དེ་ལས་ ཆང་ལུ་ཤུགས་ཐལ་མི་ཚུ་ སྨན་བཅོས་འབད་ཞིནམ་ལས་ མི་སྡེ་ནང་སྡོད་ཚུགསཔ་ ག་དེ་སྦེ་བཟོ་ནི་ཨིན་ན་ གནད་དོན་༣ ལུ་ གཙོ་རིམ་བཟུང་དོ་ཟེར་ཨིནམ་ད་ ཆང་ལུ་ཤུགས་ཐལ་མི་ཚུ་ སྨན་བཅོས་འབད་བའི་ཤུལ་ལུ་ རིག་རྩལ་སྦྱོང་བརྡར་དང་ རྒྱབ་སྐྱོར་འབད་ནི་ཚུ་ པདྨ་ལྟེ་བ་གིས་ འབད་ནི་སྦེ་ཡོད་ཟེར་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པས། 

རྒྱལ་སྤྱི་མོ་ཝིན་དི་སྙན་ཞུ་དང་འཁྲིལ་བ་ཅིན་ ཆང་ལུ་ལང་ཤོར་ཐལ་མི་ སྨན་བཅོས་འབད་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་༡༢༢,༠༠༠ དེ་རེ་ གནསཔ་མས་ཟེར་ཨིནམ་ད་ འབྲུག་མི་༡༧༧ ལུ་ ཆང་ཁང་རེ་འདུག་ཟེར་བཀོད་ནུག།

དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡ ལས་ཟླ་༧ པའི་ཚེས་༧ ཚུན་ ཆང་གི་ཆོག་ཐམ་༥,༣༨༢ བྱིན་ཡོདཔ་ད་ ཆང་གི་ཆོག་ཐམ་ལེན་མི་ མཐོ་ཤོས་ར་ ཐིམ་ཕུག་རྫོང་ཁག་ནང་༦༡༩ དང་ ཉུང་ཤོས་ར་ མགར་ས་རྫོང་ཁག་ནང་༣༦ ཐོན་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *