༉ རྒྱ་གར་རྒྱལ་ཁབ་ནང་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་ཡོད་མི་ལུ་ འབྲུག་མི་ཚུ་ རྣམ་རྟོག་ལང་པའི་ཁར་ འུར་བྱེལ་འཐབ་མི་དེ་ལུ་ འབད་ཐབས་ག་ནི་ཡང་མེད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ནང་སྦེ་ སྒེར་སྡེ་དང་ གཞུང་གི་བར་ན་ མཉམ་འབྲེལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།
ཨིན་རུང་ འབྲུག་གིས་ རྒྱ་གར་དང་གཅིག་ཁར་ ཚོང་འབྲེལ་བརྒྱ་ཆ་༨༣ འཐབ་དོ་ཡོདཔ་ལས་ དེ་གིས་ ལ་ལོ་ཅིག་ལུ་ གནོད་པ་འབྱུང་སྲིད་ནི་ཨིན་རུང་ ལ་ལོ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཞལ་འཛོམས་དེ་ཡང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་འོག་ལུ་ཡོད་པའི་ སྒེར་གྱི་ལས་སྡེ་ཁག་ཚུ་གི་བར་ན་ རྒྱ་གར་ལུ་ ཅ་དངོས་ཀྱི་ཁྲལ་ འགོ་མ་བཙུགས་པའི་ ཧེ་མ་ལས་ར་ ཞིབ་འཚོལ་འབད་བའི་ཁར་ ཞལ་འཛོམས་ཐེངས་ ལེ་ཤ་འཚོགས་ཏེ་ གཞུང་ལུ་ དོན་ཚན་ཁག་༧ འབད་མི་ སྙན་ཞུ་ཅིག་ ཕུལ་མི་དང་འཁྲིལ་ཏེ་ཨིན་པས།
གཞུང་ལུ་ཕུལ་མི་ གནད་དོན་ཚུ་ཡང་ འབྲུག་མི་ཚུ་ལུ་ ཕྱིར་ཚོང་འཐབ་པའི་སྐབས་ མཉམ་བསྡེབས་ཅ་དངོས་ཀྱི་ཁྲལ་ཚུ་ ཡངས་ཆག་གནང་དགོ་པའི་སྐོར་ལས་ གཞུང་གིས་ རྒྱ་གར་གཞུང་དང་ གསུང་གྲོས་གནང་དགོཔ་སྦེ་ ཞུ་བ་འབད་དེ་ཡོདཔ་ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ གནད་དོན་དེ་གི་ཐད་ལུ་ འབད་ཐབས་ཅིག་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ མཉམ་བསྡེབས་ཁྲལ་དེ་ ཐ་ན་ རྒྱ་གར་རྒྱལ་ཁབ་ཀྱི་ མི་སེར་ཁོང་ར་ལུ་ཡང་ བཀལ་དོ་ཡོདཔ་ལས་ འབྲུག་ལུ་ཡང་ ཡངས་ཆག་གནང་དགོཔ་སྦེ་ ཞུ་ཐབས་མེད་ཟེར་ཨིན་པས།
དེ་ལས་ ཁྲལ་དེ་ ད་ལྟོ་ འཛུལ་སྒོ་ལུ་ བཀལ་མི་དེ་ ད་ལས་ཕར་ ཅ་ཆས་ཚུ་ ལོག་བཙོང་བའི་སྐབས་ བཀལ་ནི་ཡོདཔ་སྦེ་ ཞུ་བ་འབད་དེ་ཡོད་མི་དང་འཁྲིལ་ གཞུང་གིས་ རྒྱ་གར་གཞུང་ལུ་ ཞུ་བ་འབད་ཡོདཔ་བཞིན་དུ་ ལན་གསལ་ལྷོདཔ་ད་ སྒེར་སྡེ་ཚུ་ལུ་ སླབ་འོང་ཟེར་གསུངས་ཡི།
དེ་ལས་ རྒྱུ་དངོས་དང་ཅ་ཆས་ཚུ་ འབྲུག་ལུ་འབག་འོང་བའི་སྐབས་ འབྲུག་ལུ་ རེ་ལི་གི་ལམ་མེདཔ་ལས་ རྒྱ་གར་གྱི་ས་གནས་ ག་ཏེ་བཏོན་རུང་ རྒྱ་གར་གྱིས་ ལོག་ཅི་ར་ ཁྲལ་བཀལ་དོ་ཡོདཔ་ད་ དེ་ཡང་ མ་ཕོགཔ་སྦེ་ བཟོ་གནང་དགོ་པའི་སྐོར་ལས་ ཞུ་བ་འབད་མི་དང་འཁྲིལ་ གཞུང་གིས་ རྒྱ་གར་གཞུང་ལུ་ ཡི་གུ་བཏང་སྟེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྒེར་སྡེ་ཚུ་གིས་ མ་འོངས་པའི་དོན་ལུ་དམིགས་ཏེ་ ད་ལྟོ་ཡོད་པའི་ ཁྲལ་གྱི་ལམ་ལུགས་དེ་ ལེགས་བསྒྱུར་འབད་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ད་ གནད་དོན་དེ་ སྤྱི་ཚོགས་ཀྱིས་ར་ གྲོས་ཐག་བཅད་དགོཔ་ལས་ དེ་ལུ་ཡང་ ལྟ་ཞིབ་འབད་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞན་ཡང་ ཁག་ཆེ་བའི་གནད་དོན་ ལེ་ཤ་ཅིག་གི་ཐོག་ལུ་ གསུང་གྲོས་གནང་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ད་རེས་ ཅ་དངོས་ཀྱི་ཁྲལ་ལུ་བརྟེན་ འབྲུག་མི་ཚུ་གིས་ འབྲུག་པའི་ཚོང་པ་ཚུ་ལས་ ཚོང་ཉོ་བཅུག་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ འབྲུག་མི་ཚུ་གིས་ རྒྱ་གར་གྱི་ཁྲོམ་ཚུ་ནང་ལས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ སྤྲོད་ཐོག་ལས་ ཉོ་ཚོང་འཐབ་ཨིན་ཟེར་ཨིན་པས།
དེ་ལུ་ བསྟན་རྒྱས་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་གཉིས་ཀྱིས་ ལྟ་རྟོག་འབད་དགོཔ་ད་ འབྲུག་ལུ་ ནང་འདྲེན་འབད་མི་ཅ་ཆས་ཚུ་ ལོག་རྒྱ་གར་ལུ་ འགྱོ་ནི་མེདཔ་སྦེ་ འབད་དགོ་ཟེར་ཨིན་པས།
དེ་ལས་ འབྲུག་བཟོ་སྐྲུན་ཚོགས་སྡེ་གིས་ ཞུ་བ་འབད་མི་དང་འཁྲིལ་ ཚོགས་ཆུང་ཅིག་བཟོ་ཐོག་ལས་ ད་ལས་ཕར་ བཟོ་སྐྲུན་ཅ་ཆས་ཀྱི་ གོང་ཚད་ཚུ་ ག་དེ་སྦེ་ བསྒྱུར་བཅོས་འགྱོ་འོང་ག་ ལྟ་རྟོག་འབད་ནི་ཨིནམ་ད་ ད་རེས་ ཁྲལ་གྱི་ལམ་ལུགས་དེ་ལུ་བརྟེན་ གནོད་པ་བྱུང་སྟེ་ཡོད་མི་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་ཡང་ ཆ་རོགས་འབད་ཐབས་ ག་དེ་སྦེ་འདུག་ག་ བལྟ་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།
དངུལ་རྩིས་ལྷན་ཁག་གི་ དྲུང་ཆེན་གྱིས་འབད་བ་ཅིན་ ད་རེས་གཞུང་གིས་ སྣུམ་འཁོར་ནང་འདྲེན་གྱི་དོན་ལུ་ ལམ་ལུགས་བསྒྱུར་བཅོས་འབད་དེ་ཡོདཔ་ད་ དེ་ཡང་ ནང་འདྲེན་ཚུ་གི་གྲས་ལས་ མཐོ་ཤོས་ར་ སྣུམ་འཁོར་འབད་ནི་དེ་གིས་ བཀག་ཐབས་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
སྒེར་སྡེའི་ངོ་ཚབ་ཅིག་གིས་ སླབ་མིའི་ནང་ ད་རེས་ ཕྱིར་ཚོང་ལས་སྡེ་གིས་ ལཱ་འབད་མ་ཚུགསཔ་སྦེ་ ཐལ་ཡོདཔ་ད་ འབྲུག་གིས་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་གྱི་ཚད་གཞི་དེ་ ཧེ་མ་ལས་ མཐོ་དྲགས་ཡོད་མི་དེ་ ཁྲལ་གྱི་ལམ་ལུགས་དེ་ལུ་བརྟེན་ ཧེང་སྐལ་ར་ མར་འབབ་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།