༉ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཡུན་མཇུག་བསྡུཝ་དང་འབྲེལ་ གཞུང་གིས་ ལཱ་གཡོག་བརྒྱ་ཆ་ལས་༡༠༠ སྦེ་ བྱིན་ནིའི་ཁས་བླངས་འབད་མི་དེ་ འགྲུབ་མ་ཚུགས་པའི་ཁར་ ལཱ་གཡོག་བཟོ་ནིའི་དོན་ལུ་ ལས་འགུལ་སྦོམ་གྱི་རིགས་ ཕུད་རྡོག་གཅིག་ཡང་ འགོ་བཙུགས་མ་ཚུགས་པར་ གནས་ཡུན་ཚང་ཡི་ཟེར་བཤད་ཅི།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བཤད་མིའི་ནང་ རྒྱལ་སྤྱི་ནང་འབད་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་དེ་ ལཱ་གཡོག་གནས་སྟངས་ཀྱི་ གནས་ཚད་ཀྱིས་ ཤེས་ཚུགས་ནི་ཨིན་རུང་༣༠,༠༠༠ གཏང་ནིའི་ཁས་བླངས་འབད་ཡོད་རུང་ གཏང་མ་ཚུགས་པའི་ཁར་ རྒྱལ་ཁབ་ནང་འཁོད་ལུ་ཡང་ ལཱ་གཡོག་གི་ གོ་སྐབས་ལངམ་སྦེ་ བཟོ་མ་ཚུགས་ཟེར་བཤད་ཅི།
གཞུང་གིས་ ལཱ་གཡོག་གི་སྐོར་ལས་ དྲི་བ་ཐོནམ་ད་ར་ རྒྱལ་ཁབ་ནང་ ལཱ་གཡོག་གི་ས་སྟོང་སྟོང་ཕྲག་ལས་བཅད་དེ་ཡོད་རུང་ ལེན་མི་མིན་འདུག་ཟེར་བའི་ ལན་མ་གཏོགས་ གཞན་མེདཔ་ལས་ གནས་སྟངས་དེ་ སྐྱོ་དྲགས་སོང་ནུག་ཟེར་བཤད་ཅི།
ཁོ་གིས་བཤད་མིའི་ནང་ དེ་གིས་ གཞུང་གིས་ཁས་བླངས་འབད་མི་དེ་ འཐུས་ཤོར་བའི་ རྟགས་མཚན་སྟོན་པའི་ཁར་ ལཱ་གཡོག་བཟོ་དགོ་པ་ཅིན་ བཟོ་གྲྭ་འཕྲུལ་ཁང་དང་ གློག་མེ་འཕྲུལ་ཁང་ལ་སོགས་པ་ཚུ་ གསརཔ་བཟོ་དགོ་ནི་ཨིན་རུང་ དེ་ཚུ་ ཕུད་རྡོག་གཅིག་ཡང་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།
ལཱ་གཡོག་འཚོལ་མི་ཚུ་གིས་ ས་སྟོང་ཡོད་རུང་ ག་ཅི་སྦེ་ ལེན་མ་བཏུབ་ཨིན་ན་ཟེར་དྲིཝ་ད་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ ལཱ་དང་ ཁོང་གི་ཉམས་མྱོང་བར་ན་ རྟགས་མ་མཐུན་ནི་དེ་གིས་ཨིན་པའི་ཁར་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ མང་ཤོས་ར་ སྤྱིར་བཏང་མཐོ་རིམ་ཤེས་ཡོན་ སྦྱངས་མི་ཚུ་ཡོདཔ་ལས་ སྒེར་སྡེ་དང་ལས་འཛིན་ཚུ་ནང་ དེ་ཚུ་དགོ་མི་ ཚད་ཅིག་ལས་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་མིའི་ནང་ གནས་སྟངས་དེ་ ཧེ་མ་ལས་ཡོདཔ་ལས་ གཞུང་གིས་ དཀའ་ངལ་དེ་ སེལ་ཐབས་འབད་ནི་ལུ་ ཤེས་རིག་གི་སྲིད་བྱུས་ནང་ བསྒྱུར་བཅོས་འབད་དེ་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་ ཤེས་རིག་གཙུག་སྡེ་ཚུ་ནང་ བསྒྱུར་བཅོས་འབད་དགོཔ་ཅིག་ཨིན་རུང་ དེ་ཚུ་ག་ནི་ཡང་ མ་འབད་ཟེར་ཨིན་པས།
ལཱ་གཡོག་གཏན་ཏོག་ཏོ་སྦེ་ སྤྲོད་མ་ཚུགསཔ་ལས་ གཞུང་གིས་ ཡུན་བརྟན་མེད་པའི་ལཱ་གཡོག་ སློབ་གྲྭ་ནང་སློབ་ཕྲུག་བལྟ་མི་དང་ མཚན་རིག་བརྟག་དཔྱད་ཁང་ནང་ ལཱ་འབད་མི་ དེ་ལས་ འཐུས་མི་ཚུ་དང་གཅིག་ཁར་ ཞིབ་འཚོལ་ལས་རོགས་འགོ་དཔོན་ཚུ་ བཙུགས་ཡི་ཟེར་ཨིན་པས།
མོང་སྒར་ ཝེ་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ བཤད་མིའི་ནང་ གནས་སྟངས་དེ་ སྐྱོ་དྲགས་དང་ ཚ་གྱང་ཅན་ལུ་ལྷོད་ཡོདཔ་ལས་ ད་རེས་ དཀའ་ངལ་མ་བསལ་བ་ཅིན་ བཅོ་ཁ་རྐྱབ་མ་ཚུགས་པའི་ གནས་སྟངས་ནང་ལྷོད་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ གཞུང་ག་འོང་རུང་ ལཱ་གཡོག་དེ་ གཙོ་རིམ་བྱིན་དགོཔ་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ ལཱ་གཡོག་མ་འཐོབ་མི་༣༤༧༥ དེ་ཅིག་ཡོད་མི་ལས་ ད་རེས་༩༠༠༠ ལུ་ ཡར་སེང་སོང་མི་དེ་གིས་ གཞུང་གི་ཁས་བླངས་འབད་མིའི་གྲུབ་འབྲས་ གསལ་སྟོན་འབདཝ་མས་ཟེར་ ཁོ་གིས་བཤད་ཅི།
ཕྱི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་གཏང་མི་ཚུའི་གྲས་ལས་ ཐའི་ལེནཌ་དང་ ཨཱསི་ཊེ་ལི་ཡ་ལ་སོགས་པའི་ རྒྱལ་ཁབ་ཚུ་ནང་ འགྱོ་མི་ཚུ་ལུ་ དཀའ་ངལ་མེད་རུང་ གཞན་རྒྱལ་ཁབ་ཚུ་ནང་འགྱོ་མི་ཚུ་ལུ་ དཀའ་ངལ་སྦོམ་ཐོན་ཡོདཔ་ལས་ གཞུང་གིས་ ས་སྟོང་མངམ་ཡོད་ཟེར་མི་དེ་ མི་བདེན་ཟེར་བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་གིས་ གཞུང་གིས་ ལཱ་གཡོག་བཟོ་ཚུགས་ནིའི་དོན་ལུ་ ཟད་འགྲོ་ག་ཏེ་ལུ་ བཏང་ཡོདཔ་ཨིན་ན་ དེ་ལུ་ལྟཝ་ད་ར་ ཤེས་ཚུགས་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་སྐབས་ ཐིམ་ཕུག་ལུ་ བརྡ་དོན་འཕྲུལ་རིག་ལྟེ་བ་ གཞི་བཙུགས་འབད་བའི་སྐབས་ ཁ་བཏང་ཡོད་རུང་ ད་རེས་དེ་ནང་ ལཱ་གཡོག་༨༠༠ དེ་ཅིག་ བཟོ་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ སོ་ནམ་ལས་སྡེ་ནང་འབད་བ་ཅིན་ གངས་རི་ཧ་ཟེ་གི་ལས་འགུལ་ འགོ་བཙུགས་མི་དེ་ནང་ཡང་ མི་༨༦༣ དེ་ཅིག་ལུ་ ལཱ་གཡོག་སྤྲོད་ཡོད་པའི་ཁར་ གཞན་ཡང་ ཤེས་རིག་དང་རྒྱལ་སྤྱིའི་ལས་འགུལ་ཚུ་ནང་ ལཱ་གཡོག་བཟོ་ཡོདཔ་ལས་ གཞུང་གིས་ དེ་ཚུ་འཕྲོ་མཐུད་འབད་བ་ཅིན་ ལཱ་གཡོག་གི་ས་སྟོང་ བཟོ་ཚུགས་ཚུགསཔ་འོང་ཟེར་བཤད་ཅི།
མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་བཙུགསཔ་ད་ ལཱ་གཡོག་གི་ས་སྟོང་༡༣༠༠ བཟོ་ཡོད་པའི་ཁར་ དངུལ་ཁང་གསརཔ་ དག་པ་ཅིག་གཞི་བཙུགས་འབད་བའི་ཁར་ བརྡ་དོན་འཕྲུལ་དང་ ལྟ་བཤལ་ལ་སོགས་པ་ཚུ་ འགོ་བཙུགས་མི་དེ་གིས་ ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་ཚུགས་ཅི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་སྐབས་ འཁོར་ལམ་ལེགས་ཤོམ་མེདཔ་ལས་ དེ་གིས་ཧེང་སྐལ་ར་ ལྟ་བཤལ་གྱི་གནས་སྟངས་ལུ་ ཐོ་སྦོམ་ཕོག་ཡི་ཟེར་ ལྡོག་ཕྱོགས་ཚོགས་པ་གིས་ བཤད་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ ན་གཞོན་ཚུ་གིས་ ས་སྟོང་ཡོད་རུང་ ལཱ་ནང་དང་འདོད་བསྐྱེད་མ་བཏུབ་མི་དེ་ ཡང་ཅིན་ དངུལ་ཕོགས་སེང་དགོ་པའི་ཁར་ དེ་མིན་ ལཱ་འབད་སའི་གནས་སྟངས་དེ་ ལེགས་བཅོས་འབད་དགོཔ་འོང་ཟེར་ བཤད་ཅི།
རྒྱལ་ཁབ་ནང་ རྒྱལ་སྤྱི་ཞལ་འཛོམས་འཚོགས་སའི་ ས་ཁོངས་ཅིག་ཡང་མེདཔ་ལས་ དེ་ཚུ་འགོ་བཙུགས་པ་ཅིན་ ཕྱིའི་མི་ཚུ་ རྒྱལ་ཁབ་ནང་འོང་སྟེ་ ཞལ་འཛོམས་འཚོགས་ནིའི་ གོ་སྐབས་ཡོད་པའི་ཁར་ དེ་གིས་ ལཱ་གཡོག་གི་གོ་སྐབས་ཡང་ བཟོ་ཚུགས་ནིའི་ འོས་འབབ་སྦོམ་ཡོད་རུང་ གཞུང་གིས་ དེ་བཟུམ་ཅིག་ཡང་ གཞི་བཙུགས་འབད་མ་ཚུགས་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་ཅི།
པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ ལཱ་གཡོག་གི་གནས་སྟངས་ ལེགས་ཤོམ་མེད་མི་དེ་ སྲིད་དོན་ཚོགས་པ་ག་ར་གིས་ སྐུལ་བསྒྲགས་སྐབས་ ཁས་བླངས་ངོ་མ་ཅིག་སྦེ་ འབད་ནིའི་འོས་འབབ་ཡོད་པའི་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ དཀའ་ངལ་དེ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ནའི་ ཐབས་ཤེས་འགྲིག་ནིའི་ འཆར་གཞི་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།