གཞུང་གི་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ཚུ་གིས་ སྒེར་གྱི་ལྟེ་བ་ཚུ་ལུ་གནོད་སྐྱོན།

དེ་ཡང་ ཕམ་ཚུ་གིས་ གཞུང་གི་ལྟེ་བ་ཚུ་ལུ་ གདམ་ཁ་རྐྱབ་མི་དེ་ འཐུས་སྤྲོད་མ་དགོ་མི་ལུ་བརྟེན་ཨིན་པས།

༉ ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ཀྱི་ བརྟག་ཞིབ་སྙན་ཞུ་ གསར་བཏོན་འབད་བའི་སྐབས་ལུ་ རྒྱལ་ཁབ་ནང་ གཞུང་གི་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ ཡར་སེང་འབད་མི་དེ་གིས་ སྒེར་གྱི་ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོ་དོ་ཡོད་པའི་ སྙན་ཞུ་ཕུལ་ཡི།
སྤྱི་ལོ་༢༠༡༤ ལུ་ སྒེར་གྱི་ ཨ་ལོ་གཅེས་སྐྱོང་ལྟེ་བ་༥༡ གཞི་བཙུགས་འབད་ཡོད་ས་ལས་ སྤྱི་ལོ་༢༠༡༥ ལུ་༥༣ དང་ ན་ཧིང་འབད་བའི་བསྒང་ལས་༥༠ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ གཞུང་གི་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་༥༤ གཞི་བཙུགས་འབད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༦ ལུ་ ལྟེ་བ་༢༣༢ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨ་ལོའི་གྱངས་ཁ་ལས་བཅད་རུང སྒེར་གྱི་ཨ་ལོ་གཅེས་སྐྱོང་ལྟེ་བའི་ནང་ སྤྱི་ལོ་༢༠༡༦ ལུ་ ཨ་ལོ་བསྡོམས་༡,༧༡༤ ཡོདཔ་ད་ གཞུང་གི་ལྟེ་བའི་ནང་ ཨ་ལོ་༥,༤༡༡ ཡོདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ལས་སྡེའི་ ལས་རིམ་འགོ་དཔོན་ ཀརྨ་དགེ་ལེགས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཨ་ལོ་གོང་འཕེལ་གཏང་ནིའི་ནང་ སྒེར་གྱི་ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་གིས་ཡང་ ད་ལྟོ་ཚུན་ཚོད་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་རུང་ གཞུང་གི་གཅེས་སྐྱོང་ལྟེ་བ་ མང་སུ་གཞི་བཙུགས་འབད་བའི་བསྒང་ལས་ མི་ཚུ་གིས་ གཞུང་གི་ལྟེ་བ་དེ་ར་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
ག་འཆརཔ་ཟེར་བ་ཅིན་ སྒེར་གྱི་གཅེས་སྐྱོང་ལྟེ་བ་མང་ཤོས་ཅིག་ནང་ ཟླཝ་རེ་ནང་ ཨ་ལོ་རེ་ལས་ འཐུས་དངུལ་ཀྲམ་༣,༠༠༠ རེ་ ལེན་དོ་ཡོདཔ་ཨིན་རུང་ གཞུང་གི་ལྟེ་བ་ཚུ་ནང་ འཐུས་ག་ནི་ཡང་ སྤྲོད་མ་དགོ་ནི་དེ་གིས་ཨིན་པས་ཟེར་ བཤད་ཅི།
ཨིན་རུང་ གཞུང་གི་ཨ་ལོ་གཅེས་སྐྱོང་ལྟེ་བ་ ལ་ལོ་ཅིག་ ས་ཐག་རིང་ས་ཡོད་མི་ལུ་བརྟེན་ བྱ་སྟབས་མ་བདེ་བ་ཅིག་རྐྱངམ་གཅིག་ ཕམ་ཚུ་གིས་ སྒེར་གྱི་ལྟེ་བ་ཚུ་ནང་ བཙུགསཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་ལྟེ་བའི་ ཞབས་ཏོག་དེ་ སྤྱི་ལོ་༢༠༠༨ ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༣-༥ འབད་མི་ ཨ་ལོ་ཚུ་ བཙུགས་དོ་ཡོདཔ་ད་ ད་རེས་ རྒྱལ་ཁབ་ནང་ སྒེར་གྱི་ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་༥༥ ནང་ སློབ་དཔོན་༢༡༦ དང་ སློབ་ཕྲུག་༡,༥༩༥ ཡིག་ཚང་གི་ཨ་ལོ་གཅེས་སྐྱོང་ལྟེ་བ་༩ ནང་ སློབ་དཔོན་༡༨ དང་ ཨ་ལོ་༢༧༦ དེ་ལས་ མི་སྡེའི་ཨ་ལོ་གཅེས་སྐྱོང་ལྟེ་བ་༢༤༣ ནང་ སློབ་དཔོན་༤༣༨ དང་ ཨ་ལོ་༥,༣༧༩ ཡོདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་ལྟེ་བའི་ བརྟག་ཞིབ་སྙན་ཞུ་ནང་ སྤྱི་ལོ་༢༠༡༦ ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཡོངས་བསྡོམས་༢༨༢ ཡོད་མིའི་ནང་ ཨ་ལོ་༧,༡༢༥ འབདཝ་ད་ བརྒྱ་ཆ་༡༤ གིས་ ཞབས་ཏོག་ཚུ་ ལེན་ཡོདཔ་ཨིན་པས།
ཨིན་རུང་ གཞུང་གི་དམིགས་གཏད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༤ ལས་ ཨ་ལོ་བརྒྱ་ཆ་༥༠ གིས་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ཞབས་ཏོག་ལེན་ཚུགསཔ་ བཟོ་ནི་དང་ སྤྱི་ལོ་༢༠༣༠ ལས་ ཨ་ལོ་བརྒྱ་ཆ་ལས་བརྒྱ་གིས་ ཞབས་ཏོག་ཚུ་ ལེན་ཚུགསཔ་བཟོ་ནི་དེ་ཨིན་པས།
ལས་རིམ་འགོ་དཔོན་ ཀརྨ་དགེ་ལེགས་ཀྱིས་ འབད་བ་ཅིན་ ཁོང་གི་ དམིགས་གཏད་དེ་ སྤྱི་འོག་རེ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་རེ་ གཞི་བཙུགས་འབད་ནི་དེ་ཨིན་མི་དེ་ཡང་ ཤུལ་ལས་ གཅེས་སྐྱོང་ལྟེ་བ་གཞི་བཙུགས་འབད་ནི་གི་ འགན་ཁུར་ཚུ་ རྫོང་ཁག་དང་ རྒེད་འོག་ཚུ་ལུ་ སྤྲོད་ཞིནམ་ལས་ ག་ཏེ་གཞི་བཙུགས་རུང་ ཁོང་ལུ་ འབད་བཅུག་ནི་གི་ འཆར་གཞི་ཚུ་ཡོད་ཟེར་ཨིན་པས།
གཞུང་གིས་ ཨ་ལོ་གཅེས་སྐྱོང་ལྟེ་བ་རེ་རེ་གཞི་བཙུགས་འབདཝ་ད་ ཟད་འགྲོ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༡.༤ རེ་ གནས་དོ་ཡོདཔ་ད་ ལོ་རེ་ནང་ སློབ་དཔོན་གྱི་ དངུལ་ཕོགས་དང་ མཁོ་ཆེ་བའི་ ཅ་ཆས་ཚུ་ཉོ་སྟེ་ ཨ་ལོ་རེ་ལུ་ དངུལ་ཀྲམ་༨,༤༠༠ དེ་རེ་ ཟད་འགྲོ་གནས་དོ་ཡོདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དགོ་པའི་ དམིགས་གཏད་དེ་ར་ ཨ་ལོ་སྐྱེས་ལོ་༣ དང་༥ འབད་མི་ཚུ་གི་བར་ན་ དཔེ་ཆ་ལྷབ་ནི་གི་ གོ་སྐབས་འདྲ་མཉམ་འཐོབ་ཐབས་ལུ་དང་ གཞུང་འབྲེལ་སློབ་གྲྭ་ནང་ མ་འཛུལ་བའི་ཧེ་མར་ གཞི་འགྱམ་ཚུ་ ལེགས་ཤོམ་བཟོ་ཐབས་ལུ་ཨིན་ཟེར་ ལས་རིམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ལས་རིམ་འགོ་དཔོན་གྱིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ སྒེར་གྱི་ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་ མར་འབབ་འགྱོ་མི་དེ་ཡང་ གཞུང་གི་ཁ་ཐུག་ལས་ ཁོང་ལུ་ འཐུས་ཟེརཝ་ག་ཅི་ཡང་ ཐོབ་ནི་མེད་མི་དང་ གཞུང་གི་གཅེས་སྐྱོང་ལྟེ་བ་ ཡར་སེང་འགྱོཝ་ད་ སྒེར་གྱི་ལྟེ་བ་ཚུ་ནང་ གོ་སྐབས་མ་ལེན་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
མ་གཞི་ སྒེར་གྱི་གཅེས་སྐྱོང་ལྟེ་བ་ཚུ་གིས་ཡང་ ཕན་སྦོམ་ཐོགས་དོ་ཡོདཔ་ལས་ གཞུང་གི་ཧོངས་ལས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ཟེར་ གནང་སྲོལ་ཡོད་མི་དེ་ ཁོང་ལུ་ བྱིན་པ་ཅིན་ སེམས་ཤུགས་བསྐྱེད་ནི་གི་ གོ་སྐབས་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *