གཞུང་གི་བཀའ་རྒྱ་དང་འཁྲིལ་ ལྕགས་ཟམ་གྱི་ ཚོང་ཁང་ཚུ་ བརྡལ་བཤིག་བཏང་ཡོདཔ།

༉ ལོ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ལས་ ཀྲོང་གསར་ཁ་ཐུག་ འགྲུལ་སྐྱོད་འབད་མི་ཚུ་གིས་ སྲས་ཕུག་རྒེད་འོག་གི་ས་གནས་ ལྕགས་ཟམ་ལུ་ལྷོདཔ་ད་ ཁྲོམ་ཆུང་ཀུ་ཅིག་ མཐོང་ནི་ཡོདཔ་མ་ཚད་ དེ་ནང་ལས་ བཞེས་སྒོ་ཚུ་ བཟའ་ཚུགས་པའི་ཁར་ ཚོང་ཆས་ཚུ་ཡང་ ཉོ་དོ་ཡོདཔ་ཨིན་རུང་ ད་རེས་ ཁྲོམ་དེ་ མཐོང་སར་མེད་ཟེར་ཨིན་པས།

དེ་ཡང་ ཚོང་ཁང་ཚུ་ གཞུང་ས་ནང་ རྐྱབ་མི་དང་འཁྲིལ་ སྤྱི་ལོ་༢༠༡༥ ལུ་ གཞུང་གིས་ སྤོ་བཤུད་འབད་བཅུག་མི་ལུ་བརྟེན་ཨིནམ་ད་ ད་རེས་ ཚོང་ཁང་ཚུ་གི་ རྩིག་གྱང་གི་ ཤུལ་ཚུ་རྐྱངམ་གཅིག་མ་གཏོགས་ མཐོང་ནི་མིན་འདུག།
ཁྲོམ་དེ་ནང་གི་ཁྱིམ་ཚུ་ བརྡལ་བཏང་དགོ་པའི་ བཀའ་རྒྱ་ལྷོད་མི་དང་འཁྲིལ་ དེ་ཁར་སྡོད་མི་ ཚོང་པ་ཚུ་ཡང་ ས་གནས་གཞན་ཁར་ལས་ཕར་ སྤོ་བཤུད་འབད་དེ་ སོང་ཡོདཔ་ཨིན་པས།
སྐྱེས་ལོ་༥༨ འབད་མི་ ཚོང་པ་ཚེ་རིང་རྒྱལམོ་གིས་ སླབ་མིའི་ནང་ ད་རེས་ ཁྲོམ་དེ་ནང་ སྒེར་སའི་གུ་རྐྱབ་མི་ ཁྱིམ་ཅིག་ ཁང་གླར་ལེན་ཏེ་ ཚོང་ཁང་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ མོ་གིས་ བཤད་མིའི་ནང་ གཞན་འབད་བ་ཅིན་ མོ་ར་ཡང་ ཚོང་པ་གཞན་ཚུ་བཟུམ་སྦེ་ སྤོ་བཤུད་འབད་དེ་ འགྱོ་ནི་ཨིན་རུང་ ས་གནས་གཞན་ཁར་ མོ་ལུ་ ས་ཆ་མེད་ལུ་བརྟེན་ ཁང་གླར་ལེན་ཏེ་ ཚོང་རྐྱབ་དོ་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ས་ཁོངས་དེ་ནང་ ཁྲོམ་ཆུང་ཅིག་ཡོད་ནི་དེ་གིས་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་གིས་མ་ཚད་ རྒེད་འོག་དེ་ནང་གི་ མི་སེར་ཚུ་གི་དོན་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ སྡོད་ཡི་ཟེར་ཨིན་པས།
དེ་བསྒང་འབད་བ་ཅིན་ གཡུས་མི་ཚུ་གིས་ རྒྱུ་སྦ་ལས་བཟོ་མི་ ཅ་ཆས་ཚུ་དང་ ས་གནས་ཀྱི་ཐོན་སྐྱེད་ཚུ་ཡང་ ལེ་ཤ་ཅིག་ར་ བཙོང་ཚུགས་དོ་ཡོད་རུང་ ད་རེས་ གོ་སྐབས་མེདཔ་ཨིན་པས།
དེ་བསྒང་ ཁྲོམ་ཆུང་དེ་ནང་ ཚོང་ཁང་༨ ཡོདཔ་ད་ ད་རེས་ ཕུད་རྡོག་གཅིག་མ་གཏོགས་མིན་འདུག།
ན་ག་གཡུས་ཚན་གྱི་ཚོགས་པ་ སྐྱེས་ལོ་༤༠ འབད་མི་ ཕུར་པ་གིས་ བཤད་མིའི་ནང་ ས་ཁོངས་དེ་ནང་ལས་ སྤོ་བཤུད་འབད་སོང་མི་ ཚོང་པ་༦ གིས་ ས་གནས་གཞན་ཁར་ལས་ཕར་ རང་སོའི་ཚོང་ཁང་ཚུ་ བཙུགས་སྡོད་ནུག་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ བཙོང་སའི་ས་ཁོངས་མེདཔ་ལས་ གཡུས་མི་ཚུ་གིས་ སྦ་གི་ཐོན་སྐྱེད་ཚུ་ འཐག་ནིའི་སེམས་ཤུགས་ མར་བབས་སོང་ཡོདཔ་ད་ རྒན་ཤོས་ལ་ལོ་ཅིག་གིས་ དུམ་གྲ་རེ་ འཐག་དོ་ཡོདཔ་ཨིན་རུང་ དེ་ཚུ་ཡང་ བཙོང་ནིའི་དོན་ལུ་ ས་གནས་གཞན་ཁར་ལས་ཕར་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དེ་བསྒང་འབད་བ་ཅིན་ གཡུས་མི་ཚུ་གིས་ མར་དང་ དར་ཚིལ་ ཆུ་སྒོར་ཚུ་ཡང་ བཙོངམ་ཨིན་རུང་ ད་རེས་ ས་ཁོངས་དེ་ནང་ ཚོང་པ་ཕུད་རྡོག་གཅིག་མ་གཏོགས་ མེད་མི་དེ་གིས་ གཡུས་སྒོའི་ཐོན་སྐྱེད་ཚུ་ བཙོང་མི་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གི་དོན་ལུ་ཡང་ གོང་ཚད་ཀྱི་ གདམ་ཁ་མེད་པར་ ཚོང་པ་དེ་གིས་ ག་དེམ་ཅིག་ སླབ་མི་དེ་ར་ལེན་ཏེ་ བཙོང་དགོཔ་ལས་ བྱ་སྟབས་མ་བདེཝ་ སྦོམ་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འགྲུལ་འཁོར་བཱསི་དང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ ཉིན་མའི་བཞེས་སྒོ་ཡང་ ཁྲོམ་ཆུང་དེ་ནང་ལས་ ཉོ་ཟ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

རུ་ཀུ་སྦྱིས་ལས་ ཉི་མ་དབང་འདུས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *