༉ ཟླཝ་འདི་ནང་ བཙག་འཐུའི་འུར་བྱེལ་འཐབ་པའི་ཤུལ་ལུ་ སྲིད་དོན་ཚོགས་པ་ཚུ་གི་ རྒྱལ་ཕམ་གྱི་གྲུབ་འབྲས་ཚུ་ མངོན་གསལ་བྱུང་མི་དང་བསྟུན་ འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ བྱ་སྟབས་མ་བདེཝ་ཚུ་ ག་ནི་ཡང་མ་འབྱུང་པར་ ཁུ་སུམ་སི་སྦེ་ཡོད་རུང་ སེམས་ཞི་བའི་ངང་ལུ་ མེད་མི་དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ ཆ་མཉམ་ར་ གཞུང་གསརཔ་འཚོགས་ནི་ལུ་ སག་ལང་སྟེ་ སྒུག་སྡོད་ནི་དེ་གིས་ཨིན།
མ་གཞི་ བྱ་སྒོའི་རིམ་པ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༣ པའི་ནང་ལས་ རྒྱལ་ཁ་ཐོབ་མི་ འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཟླ་༡༠ པའི་ཚེས་༣༠ གི་ཧེ་མར་ བློན་པོའི་གདམ་ངོ་ཚུ་གི་མིང་ གསལ་སྟོན་འབད་ཚུགས་པའི་ རེ་བ་ཡོད་མི་དང་བསྟུན་ བློན་པོ་བསྐོ་བཞག་འབད་ནི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཙག་འཐུ་ལས་གྲུབ་མི་ བློན་ཆེན་ལུ་ བདག་རྐྱེན་གནང་བའི་ཤུལ་ལས་ རྐྱངམ་གཅིག་ཨིན་མས།
དེ་འབདཝ་ད་ མི་ཚུ་གིས་ སྤྱི་ཚོགས་ཀྱི་དོན་ལུ་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུའི་གྲས་ལས་ ག་གིས་ ལྷན་ཁག་འཛིན་སྐྱོང་འཐབ་ནི་ལུ་ ལྕོགས་གྲུབ་ཡོད་མེད་ཀྱི་ མིང་ཐོ་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན་མས།
སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་ནི་ཨིན་མི་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་རའི་ ཚོགས་པའི་འཐུས་མི་ཚུ་གི་ ནང་འཁོད་ལས་ ཚོགས་དཔོན་དང་ ཚོགས་དཔོན་འོག་མའི་ གདམ་ངོ་ཚུ་ གསལ་སྟོན་འབད་ནིའི་ གྲོས་ཐག་བཅད་ནུག།
རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ཚོགས་པ་གིས་ སྤྱི་ཟླ་༣༠ པའི་ཚེས་༣༠ འི་ནང་འཁོད་ལུ་ གདམ་ངོ་ཚུ་ གསལ་སྟོན་འབད་དགོཔ་སྦེ་ཨིན་མས།
འབྲུག་ཕུན་སུམ་ཚོགས་པ་གིས་ དགྲ་མེད་རྩེ་སྔ་ཚང་གི་འདེམས་ངོ་ ཨྱོན་དབང་འདུས་དེ་ ཚོགས་དཔོན་གྱི་ གདམ་ངོ་དང་ ཆུ་སྨད་ཨུ་ར་གི་འདེམས་ངོ་ ཀརྨ་དབང་ཕྱུག་དེ་ ཚོགས་དཔོན་འོག་མའི་ གདམ་ངོ་སྦེ་ གསལ་སྟོན་འབད་ནུག།
རྩ་ཁྲིམས་ཆོན་མོ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་གིས་ ཚོགས་དཔོན་དང་ ཚོགས་དཔོན་འོག་མ་ བཙག་འཐུ་འབད་ནི་དེ་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ཚར་བའི་ཤུལ་ལས་ ཚོགས་རིམ་དང་པའི་ནང་ བཙག་འཐུ་ལས་གྲུབ་མི་ འཐུས་མི་ཚུ་གི་ནང་འཁོད་ལུ་ འབད་ནི་ཨིན་མས།
ཚོགས་པ་ནང་ ན་གཞོན་དང་ རྒན་ཤོས་ཚུ་ སླ་བསྲེས་ཏེ་ཡོདཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མིའི་ནང་འཁོད་ འབྲེལ་ཡོད་གོ་གནས་ཐོག་ལུ་ ག་གིས་ གདམ་འཐུ་འགྲུབ་འོང་ག་ ཏན་ཏན་སྦེ་ སྔོན་བཤད་འབད་མ་ཚུགས་ནི་དེ་གིས་ ད་ལྟོ་ འཐུས་མི་ཚུ་ག་ར་ སེམས་འཚུབ་ཐོག་ལུ་ ཡོདཔ་ཨིན་མས།
རྒྱལ་ཁབ་ལུ་ ཚ་གྱང་ཆེ་ཤོས་དེ་ར་ ད་ལྟོ་ ང་བཅས་ལུ་ དོ་འགྲན་བྱུང་མི་ཚུ་ཨིནམ་ལས་ གནས་སྟངས་དང་བསྟུན་ དངོས་སུ་སྦེ་ ཧ་གོ་ནི་དེ་ གལ་ཆེ་དྲགས་ཨིནམ་ད་ དེ་ཡང་ ང་བཅས་རའི་ འཆར་གཞི་༡༢ པ་དང་ སྤྱི་ལོ་༢༠༡༨ དང་༡༩ ལོའི་ གློ་བུར་ངོས་ལེན་འབད་དགོཔ་ཚུ་ཨིན་མས།
འཆར་གཞི་༡༢ པ་དེ་ སྦོམ་ཤོས་ཅིག་ཨིནམ་ལས་ རེ་འདུན་འགྲུབ་དགོཔ་ལེ་ཤ་ཡོདཔ་ད་ ད་ལྟོ་ སྤྱི་ལོ་༢༠༡༨ རྫོགས་ཁམས་ལུ་ ལྷོད་མི་དང་བསྟུན་ ཚོགས་པའི་ཁས་བླངས་འབད་མི་ཚུ་ ལེ་ཤ་ཅིག་ར་ འགྲུབ་དགོཔ་འདུག།
དེ་འབདཝ་ལས་ དུས་ཚོད་གངམ་མེད་མི་དང་བསྟུན་ ང་བཅས་ར་ དྲན་ཚོར་འབད་དགོ་མི་དེ་ཡང་ བཙག་འཐུ་ལས་གྲུབ་མི་ ཆེ་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ འགྲུབ་དགོཔ་ཡོད་མི་ འགན་ཁུར་ཚུ་ སེམས་ཁར་བཞག་སྟེ་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་འགྲུབ་ནི་ལུ་ གཙོ་རིམ་བཟུང་དགོཔ་ཁག་ཆེ།