གཞུང་གསརཔ་དབུ་བརྙེས་ཡོདཔ།

༉ ཁ་ཙ་ འབྲུག་གི་བློན་ཆེན་གསུམ་པ་ ཌོག་ཊར་བློ་གྲོས་ཚེ་རིང་གི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ བདག་རྐྱེན་ཞུ་ཡོདཔ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསརཔ་ཚུ་གིས་ཡང་ ཡིག་ཚང་ནང་ འཛུལ་ཞུགས་གནང་ཡི།
འདི་དང་གཅིག་ཁར་ བློན་ཆེན་དང་ བློན་པོ་ལྷན་རྒྱས་ཀྱིས་ འབྲུག་གི་རང་བཙན་དང་ གཅིག་སྒྲིལ་གོང་ལུ་བཀུར་ཏེ་ འབྲུག་གི་རྩ་བ་གསུམ་ལུ་ དད་དམ་གཙང་ཞིང་ རྣམ་དག་གི་སྒོ་ལས་ ཁོང་རའི་འགན་ཁུར་ ཕྱག་ཕྱིད་ཞུ་ནི་དང་ འཇིགས་སྣང་ ཡང་ཅིན་ མཐུན་འགྱུར་མེད་པར་ ཡིག་ཚང་གི་ འགན་ཁུར་འགྲུབ་ནི་ལུ་ ཁོང་རའི་ ལྕོགས་གྲུབ་གང་དྲག་བཏོན་ཏེ་ འབྲུག་གི་རྩ་ཁྲིམས་ཆེན་མོ་འདི་ལུ་ དམ་ཚིག་གཙང་མའི་ ཤ་ཞེན་གྱི་ བརྩི་བཀུར་ཞུ་ནིའི་ དམ་བཅའམ་ངོས་ལེན་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕུལཝ་དང་འབྲེལ་ གཞུང་གསརཔ་དབུ་བརྙེས་ཅི།
གཞུང་སྐྱོང་གསརཔ་ གཞི་བཙུགས་གནངམ་དང་འབྲེལ་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ ཞི་དྲག་ཁག་གི་འགོ་དཔོན་ དེ་ལས་ སྤྱིར་བཏང་མི་མང་དང་ ལེགས་སྨོན་ཅན་ཚུ་གིས་ བློན་ཆེན་ལས་འགོ་བཙུགས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ལུ་ བཀྲ་ཤིས་ཁ་དར་ཕུལ་ནི་གི་ གོ་སྐབས་ལེན་ཡོདཔ་ལས་ སོར་སྒྱུར་གྱི་ མདུན་ལམ་ལུ་ཞུགས་པའི་ མངོན་གསལ་བྱུང་ཡི།
ད་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་ལུ་ཡང་ ན་བཟའ་ལི་ཝང་གནང་ཐོག་ལས་ ལྡོག་ཕྱོགས་འགོ་ཁྲིད་པའི་ བདག་རྐྱེན་གནངམ་ལས་ སྤྱི་ཚོགས་གསུམ་པ་དེ་ འབྲུག་མི་ཚུ་གིས་ རྒྱལ་རབས་ཅན་ཅིག་ཨིནམ་སྦེ་ རྗེས་སུ་དྲན་ནི་ཨིན་མས།
དེ་གི་ནང་དོན་ཉིད་ལས་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་ལུ་ ཁ་དར་ཕུལ་མི་བརྒྱ་ཕྲག་ལས་བཅད་དེ་ གྱལ་བསྣར་སྡོད་ཡོདཔ་མ་ཚད་ བློན་ཆེན་ཁོ་ར་ ཐུགས་དལ་ཁོམ་མེད་རུང་ བརྡ་བརྒྱུདཔ་ཚུ་དང་ གནས་ཚུལ་ཞལ་འཛོམས་འཚོགས་གནང་མི་དེ་གིས་ གཞུང་གསར་པའི་ཧོངས་ལས་ བརྡ་བརྒྱུད་ལུ་ བརྩི་མཐོང་དང་ གུས་ཞབས་ག་དེམ་ཅིག་ཡོདཔ་ཨིན་ན་ མངོན་རྟགས་སྟོན་ཡི།
བློན་ཆེན་གྱིས་ གསུངས་དོ་བཟུམ་ གཞུང་དང་བརྡ་བརྒྱུད་ཀྱི་བར་ན་ ཨོམ་དང་ཆུ་བཟུམ་སྦེ་ ཕྱག་ལཱ་གནང་དགོཔ་བཞིན་དུ་ བཙག་འཐུ་ལས་གྲུབ་མི་ གཞུང་གི་མཛད་བྱ་དང་ གྲུབ་འབྲས་ཚུ་ བརྡ་སྤེལ་འབད་ནི་དང་ གཞུང་གི་ཧོངས་ལས་ འཐུས་ཤོར་དང་ ཚགས་ཁར་མ་ཚུད་པ་ཅིན་ དེ་གི་སྐོར་ལས་ གསལ་སྟོན་འབད་ནི་དེ་ཡང་ བརྡ་བརྒྱུད་ཀྱི་ འགན་ཁུར་འབད་ནི་དེ་གིས་ཨིན།
དེ་མ་ཚད་ བརྡ་བརྒྱུད་ཀྱི་ འགན་ཁུར་ཚུལ་ལྡན་འབག་མི་ཚུ་ལུ་ཡང་ གཞུང་གིས་ ངོས་འཛིན་ཐོག་ ལེགས་བསྟོད་གནང་འོང་ཟེར་ གསུངས་མི་དེ་གིས་ བརྡ་བརྒྱུདཔ་ན་གཞོན་ཚུ་ལུ་ སེམས་ཤུགས་བསྐྱེད་ནིའི་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།
གཞན་ཡང་གཞུང་གིས་ ཕྱག་འགན་བཞེས་ནི་ འགོ་བཙུགསཔ་དང་གཅིག་ཁར་ དམངས་གཙོའི་རིང་ལུགས་ནང་ ངན་ལྷད་བཀག་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྱོསམ་བཅའ་ཡིག་དང་འཁྲིལ་ གཞུང་སྐྱོང་ཚོགས་པའི་ འཐུས་མི་ཚུ་གིས་ ཕྱག་འཇལ་དང་ ཁྱོསམ་ག་ཅི་ར་ཨིན་རུང་ ཁོང་ར་མ་བཞག་པར་ གཞུང་ཆས་ཀྱི་གྲངས་སུ་ རྩིས་སྤྲོད་ནི་གི་ ཁས་ལེན་ཕུལ་མི་དེ་ཡང་ མིག་དཔེ་དང་ བསྟོད་པར་འོས་པའི་ མཛད་བྱ་བཟང་པོ་ཅིག་ཨིན་མས།
གཞུང་གིས་ ཕྱག་འགན་འགོ་བཙུགསཔ་དང་གཅིག་ཁར་ ང་བཅས་རའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ཡང་ ད་ལྟོ་ འཆར་གཞིའི་ལས་སྣ་ཚུ་ འགོ་བཙུགས་མ་ཚུགས་པར་ བསྣར་འགྱངས་སྦེ་ ལུས་མི་ཚུ་ ག་དེ་མགྱོགས་མགྱོགས་ བསྐྱར་ཞིབ་ཐོག་ ལག་ལེན་འགོ་བཙུགས་དགོཔ་དེ་གལ་ཆེ།
མི་མང་གི་ཧོངས་ལས་འབད་རུང་ ད་ཚུན་གྱི་བར་ན་ བཙག་འཐུ་ལུ་བརྟེན་ སྟབས་མ་བདེཝ་དང་ འཁོན་འཛིན་བྱུང་མི་ཚུ་ བརྗེད་ཐོག་ལས་ འབྲུག་གི་མངའ་བདག་རྒྱལ་པོ་མཆོག་གི་ མངའ་འོག་ལུ་ རྒྱལ་ཁབ་གཅིག་དང་ མི་སེར་གཅིག་སྦེ་ གནས་ནི་ལུ་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེད་དགོ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *