གཞི་རྟེན་སྨན་ཁང་ཚུ་ནང་ གསོ་བའི་ལས་རོགསཔ་ཨམ་སྲུ་རེ་ གཏང་ནིའི་དམིགས་གཏད་ གྲུབ་མ་ཚུགས་པར་ཡོདཔ།

༉ དུས་ཅི་ གསོ་བའི་ལྷན་ཁག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ཚུ་ནང་ གསོ་བའི་ལས་རོགསཔ་ཨམ་སྲུ་རེ་ གཏང་ནི་ཨིན་ཟེར་ ཁས་བླངས་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ གཏང་མ་ཚུགསཔ་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་འབད་བ་ཅིན་ ཁོང་གི་གྲོས་འདེབས་དེ་ཡང་ གཞི་རྟེན་སྨན་ཁང་ནང་ གསོ་བའི་ལས་རོགསཔ་ཨམ་སྲུ་མེད་པའི་ ས་ཁོངས་ཚུ་ནང་ རྫོང་ཁག་དང་ ལུང་ཕྱོགས་ནང་ཡོད་མི་ གསོ་བའི་ལས་རོགསཔ་ཚུ་གིས་ ཉིནམ་གྲངས་༥ དང་༦ གི་རིང་ ས་གནས་ནང་སོང་སྟེ་ ཨམ་སྲུ་ཚུ་ལུ་ ཞབས་ཏོག་བྱིན་ནི་དང་ ཡང་ཅིན་ ཁག་འབག་གི་ཐོག་ལས་ སྨན་གཡོགཔ་ཚུ་ གསོ་བའི་ལས་རོགསཔ་གི་ འགན་ཁུར་བཀལ་ཏེ་ གཏང་ནིའི་གྲོས་འདེབས་བཙུགས་ནི་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ སྨན་གཡོགཔ་ཚུ་ གསོ་བའི་ལས་རོགསཔ་གི་ འགན་ཁུར་བཀལ་ཏེ་ བཏང་ནིའི་དོན་ལུ་ ཟླ་ངོ་༢ དང་༣ དེ་ཅིག་ སྦྱོང་བརྡར་བྱིན་ཞིནམ་ལས་ གཏང་དགོཔ་མ་ཚད་ ལོ་༢ དང་༣ དེ་ཅིག་གི་དོན་ལུ་ གསོ་བའི་ལས་རོགསཔ་གི་ གྱངས་ཁ་མ་ཚང་ཚུན་འབདཝ་ད་ ཤུལ་ལས་ སྟབས་མ་བདེཝ་མི་འཐོན་ག་ཟེར་བའི་ དོགས་པ་ཡང་ ཡོད་ཟེར་ཨིན་པས།
མ་གཞི་ ཟད་འགྲོའི་ཐད་ལས་འབད་བ་ཅིན་ གསོ་བའི་ལས་རོགསཔ་ཚུ་ གསོ་བའི་ལས་རོགསཔ་ ཨམ་སྲུ་མེད་པའི་ གཞི་རྟེན་སྨན་ཁང་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ ཉིན་གྲངས་༥ དང་༦ དེ་ཅིག་གི་རིང་ ཞབས་ཏོག་བྱིན་པར་ འགྱོ་ནི་དེ་ དྲག་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཨིན་རུང་ ཁོང་གིས་ ཐབས་ཤེས་གདམ་ཁ་༢ ཡོད་མི་དེ་ ལག་ལེན་འཐབ་པ་ཅིན་ ག་དེ་དྲག་ནི་ཨིན་ན་ ཞལ་འཛོམས་འཚོགས་ཞིནམ་ལས་ ཐག་བཅད་འོང་ཟེར་ གསོ་བའི་དྲུང་ཆེན་གྱིས་ བཤད་ཅི།
གསོ་བའི་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ རྒྱལ་ཁབ་ཀྱི་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པའི་ནང་ གསོ་བའི་ལས་རོགསཔ་ཨམ་སྲུ་རེ་གཏང་ནིའི་དོན་ལུ་ གསོ་བའི་ལས་རོགསཔ་ཨམ་སྲུ་༣༥ གདམ་འཐུ་འབད་ས་ལས་ ཨམ་སྲུ་༥ ལུ་ སྟབས་མ་བདེཝ་ཡོདཔ་ལས་ གནས་སོར་གཏང་ནི་དེ་ ཆ་མེད་བཏང་ནུག།
དེ་གི་ཤུལ་ལས་ ཨམ་སྲུ་༢༡ གིས་ ཁོང་ལུ་ཡང་ སྟབས་མ་བདེ་ཡོད་ལུགས་ཚུ་གི་སྐོར་ལས་ བློན་ཆེན་ལུ་ མཐོ་གཏུགས་འབད་མི་དང་འཁྲིལ་ཏེ་ བློན་ཆེན་གྱིས་ ཁོང་གི་གནས་སྟངས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ གནས་སོར་གཏང་ནི་དེ་ཡང་ ལྷན་ཁག་ལུ་ ཆ་མེད་གཏང་དགོཔ་སྦེ་ གསུངས་པའི་ཤུལ་ལུ་ ཆ་མེད་བཏང་ནུག།
གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་༡༨༤ ཡོད་མི་ཚུ་ནང་ གསོ་བའི་ལས་རོགསཔ་ཨམ་སྲུ་རེ་ ཁྱབ་ཚུགསཔ་སྦེ་ གཏང་ནིའི་དམིགས་གཏད་བསྐྱེདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *