བཀང་ལུང་གཞི་རྟེན་སྨན་ཁང་ཚུན་ འཁོར་ལམ་ཀི་ལོ་མི་ཊར་༡ མ་ལངམ་ཅིག་ཡོད་མི་དེ་ སྤྱི་ལོ་༢༠༠༡ ལས་ཚུར་ ཉམས་བཅོས་སྦོམ་འབད་སར་ མ་མཐོངམ་ཨིན་པས།

གཞི་རྟེན་སྨན་ཁང་གི་ འཁོར་ལམ་གནས་སྟངས་ སྐྱོ་དྲགས་ཡོདཔ་ལས་ མི་ཚུ་ཁོང་ཁྲོ་ལང་ཡོདཔ།

༉ བཀྲིས་སྒང་བཀའ་ལུང་གཞི་རྟེན་སྨན་ཁང་ནང་འགྱོ་སའི་ འཁོར་ལམ་ཧ་ཀ་ཧོག་ཀ་ ཐོན་མི་ལུ་བརྟེན་ སྨན་ཁང་ཞབས་ཏོག་ལེན་པར་ འོང་མི་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།
སྨན་ཁང་གི་ ལས་བྱེདཔ་དང་ ནདཔ་ཚུ་གིས་ སླབ་མིའི་ནང་ རྒེད་འོག་དང་ རྫོང་ཁག་གསོ་བའི་སྡེ་ཚན་གྱིས་ འཁོར་ལམ་དེ་ ཉམས་བཅོས་འབད་ནི་གི་ དུས་ཚོད་རན་ཡོདཔ་ད་ ལམ་དེ་ཡང་ གཞུང་ལམ་ལས་ ཀི་ལོ་མི་ཊར་༡ མ་ལངམ་ཅིག་གི་ས་ཁར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ གཞི་རྟེན་སྨན་ཁང་ གཞི་བཙུགས་འབད་བའི་ཤུལ་ལས་ འཁོར་ལམ་དེ་ ཉམས་བཅོས་མ་འབད་བར་ ལོ་༡༨ ལང་ཡོདཔ་ད་ སྨན་ཁང་གི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ གནས་སྟངས་ལུ་བརྟེན་ དམིགས་བསལ་དུ་ ཨ་ལོ་ཆགས་མི་ཨའི་དང་ གློ་བུར་གྱི་ ནདཔ་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
སྨན་ཁང་གིས་ སྤྱིར་སྙོམས་ལུ་ ཉིན་བསྟར་བཞིན་དུ་ ནདཔ་༦༠ དེ་ཅིག་ལུ་ ཞབས་ཏོག་བྱིན་དོ་ཡོད་རུང་ འཁོར་ལམ་གྱི་ གནས་སྟངས་ལུ་བརྟེན་ ནདཔ་ཚུ་སྨན་ཁང་ནང་ འོང་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ སྨན་ཁང་གི་ ལས་བྱེདཔ་སོ་སོ་ཅིག་གིས་ བཤདཔ་ཨིན་པས།
ཡོན་ཕུ་ལ་ལས་ ཀུན་བཟང་དབང་ཕྱུག་གིས་ སླབ་མིའི་ནང་ འཁོར་ལམ་གྱི་ གནས་སྟངས་དེ་ སྐྱོ་དྲགས་འགྱོ་དོ་ཡོདཔ་མ་ཚད་ རེ་ཚེ་སྐབས་ ནདཔ་ཚབས་ཆེན་ཚུ་ འབག་འགྱོ་བའི་སྐབས་ སྨན་ཁང་ནང་ ལྷོད་ནི་ལུ་ དུས་ཡུན་རིངམོ་འགོར་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འཁོར་ལམ་དེ་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༥ ལུ་ ཌཱན་ཌག་ལས་འགུལ་བརྩིས་ཏེ་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་ལུ་ འཁོར་ལམ་དེ་ དེ་འཕྲོ་ལས་ ཉམས་བཅོས་འབད་དགོ་པའི་སྐོར་ལས་ ཡིག་ཐོག་ལུ་ ཞུ་བ་འབད་ཡོད་རུང་ རྒེད་འོག་དང་ རྫོང་ཁག་ལས་ ལན་གསལ་ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ འཁོར་ལམ་གྱི་ གནས་སྟངས་དེ་ དེ་འཚམས་ཅིག་སྦེ་ ལུསཔ་མས་ཟེར་བཤདཔ་ཨིན་པས།
གསོ་བའི་སྡེ་ཚན་ལས་ དང་ལེན་འབད་ནི་མེདཔ་ལས་ གསོ་བའི་ལས་བྱེདཔ་ཚུ་གིས་ བདུན་ཕྲག་ངལ་གསོའི་སྐབས་ ཉམས་བཅོས་འབད་བའི་ཁར་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ འཇམ་དཔལ་གླིང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ཡང་ འཁོར་ལམ་གྱི་ ཧོག་ཀ་བསུབ་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ བཤད་མིའི་ནང་ གནམ་བྱཱར་སྐབས་ ཆརཔ་དེ་གིས་ འཁོར་ལམ་གྱི་ རག་རོ་ཚུ་ འཕྱགས་བདའ་སྟེ་ སྨན་ཁང་གི་ ཆུ་གཡུར་ནང་ ཐོགས་ལུས་དོ་ཡོདཔ་ལས་ འཁོར་ལམ་གྱི་ གནས་སྟངས་དེ་ སྐྱོ་དྲགས་འགྱོཝ་མས་ཟེར་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ སྒང་རྡོ་རྗེ་གིས་ སླབ་མིའི་ནང་ གསོ་བའི་ལས་ཚན་གྱིས་ འཆར་གཞི་༡༢ པའི་ནང་ སྨན་ཁང་གི་ འཁོར་ལམ་ཉམས་བཅོས་འབད་ནི་ལུ་ འཆར་དངུལ་གྱི་ གྲོས་འཆར་ཚུ་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ འཆར་གཞི་༡༢ པའི་ ལོ་༢ པའི་ནང་ སྨན་ཁང་གི་ འཛུལ་སྒོའི་འཁོར་ལམ་དེ་ ཉམས་བཅོས་འབད་ཐོག་ལས་ རྩི་ནག་གཏང་འོང་ཟེར་ཨིན་རུང་ འཛུལ་སྒོ་ཕྱི་ཁའི་ ས་ཆ་དེ་ མི་སྡེ་གི་ཨིནམ་ལས་ རྒེད་འོག་གིས་ འབད་དགོཔ་འོང་ཟེར་ སླབ་ཨིན་པས།
ད་རེས་ འཁོར་ལམ་གྱི་ དཀའ་ངལ་དེ་ འཆར་གཞི་༡༡ པའི་ནང་ འཆར་དངུལ་མ་བཙུགས་པར་ ལུས་མི་ལུ་བརྟེན་ ཉམས་བཅོས་ཀྱི་ ལཱ་འབད་ནི་ལུ་ ལཱ་ཁག་བཏང་ཡི་ཟེར་ རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བཀང་ལུང་དང་ རང་འབྱུང་ མཁའ་གླིང་ དེ་ལས་ བར་མཚམས་གཞི་རྟེན་སྨན་ཁང་གི་ འཁོར་ལམ་ཚུ་ ཉམས་བཅོས་དང་ རྩི་ནག་གཏང་ནིའི་དོན་ལུ་ འཆར་དངུལ་ས་ཡ་༣ དེ་ཅིག་གི་ གྲོས་འཆར་བཙུགས་ཏེ་ཡོདཔ་ཨིན་པས།
བཀང་ལུང་གི་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ འཆར་དངུལ་གསརཔ་ལྷོད་པའི་སྐབས་ སྨན་ཁང་གི་ འཁོར་ལམ་ཚུ་ ཉམས་བཅོས་འབད་ནི་ལུ་ གཙོ་རིམ་ཅན་སྦེ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ རྫོང་ཁག་ནང་འབད་རུང་ འཆར་དངུལ་སྐོར་ལས་ གྲོས་འཆར་བཙུགས་དགོ་པའི་ སྙན་ཞུ་འབད་བཞིན་དུ་ཡོད་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ ལོ་དང་པའི་ནང་ར་ འཁོར་ལམ་དེ་ རྩི་ནག་གཏང་ཚུགས་འབད་ནི་ཟེར་ཨིནམ་ད་ རྫོང་ཁག་གསོ་བའི་འགོ་དཔོན་གྱིས་འབད་བ་ཅིན་ འཆར་གཞི་༡༢ པའི་ནང་ སྨན་ཁང་༡༨ དང་ ལས་བྱེད་པའི་ སྡོད་ཁྱིམ་ ཉམས་བཅོས་འབད་ནིའི་དོན་ལུ་ འཆར་དངུལ་ས་ཡ་༡༡.༥ གི་ གྲོས་འཆར་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
བཀང་ལུང་གཞི་རྟེན་སྨན་ཁང་དེ་ སྤྱི་ལོ་༢༠༠༡ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *