༉ ན་ཧིང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ བསམ་རྩེ་རྫོང་ཁག་ བུ་དྷི་ནི་ཟམ་ འཕྱགས་བདའ་མི་དེ་ ད་ལྟོའི་བར་ན་ཡང་ ལོག་རྐྱབ་མ་ཚུགས་པར་ཡོདཔ་ལས་ གཞུང་གིས་ ཇ་པཱན་གཞུང་ལས་ གྲོགས་རམ་འཚོལ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༣ ལུ་ འབྲུག་གཞུང་དང་ ཇ་པཱན་གཞུང་གི་ དཔལ་འབྱོར་གོང་འཕེལ་མཐུན་འབྲེལ་གྱི་ ཞལ་འཛོམས་ཐེངས་༡༢ པ་ འཚོགས་པའི་སྐབས་ རྒྱལ་ཁབ་ཀྱི་ འཐུས་མི་སྡེ་ཚན་གྱིས་ བི་དྷི་ནི་ཟམ་ ལོག་བཟོ་སྐྲུན་འབད་ནིའི་དོན་ལུ་ ཇ་པཱན་གཞུང་གིས་ དངུལ་ཀྲམ་ས་ཡ་༢༥༠ གྲོགས་རམ་གནང་ཟེར་ ཨིན་པས།
ཟམ་དེ་ གལ་ཆེ་ཏོག་ཏོ་ཅིག་ཨིན་མི་དེ་ཡང་ རྫོང་ཁག་གི་ རྒེད་འོག་༨ ཀྱི་ རྫོང་ཁག་བདག་སྐྱོང་ཡིག་ཚང་དང་ མཐུད་འབྲེལ་འབད་མི་ཅིག་ཨིནམ་ད་ ད་རེས་ ཟམ་མེད་པའི་སྐབས་ རྒེད་འོག་གི་མི་ཚུ་ གཞུང་འབྲེལ་གྱི་དོན་ལུ་ རྫོང་ཁག་བདག་སྐྱོང་ནང་ འགྱོ་བའི་སྐབས་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
ད་ལྟོ་ གནས་སྐབས་ཅིག་གི་དོན་ལུ་ ལམ་སེལ་ལས་ཁུངས་ཀྱིས་ ཕྲང་ལམ་ཅིག་ སེལ་ཡོདཔ་ཨིན་རུང་ དེ་གིས་ ཕུག་ལུ་ མི་སེར་ཚུ་ལུ་ ཕན་ཐོགས་མི་འབྱུང་ནི་ཨིན་པས།
ཨིན་རུང་ ཇ་པཱན་གཞུང་གི་ འཐུས་མི་སྡེ་ཚན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ འཁོར་ལམ་དང་ ཟམ་རྐྱབ་པའི་སྐབས་ བྱ་སྟབས་མ་བདེཝ་ངོ་མ་ར་ བཟོ་རིག་འགོ་དཔོན་ཚུ་ ལས་འགུལ་མཇུག་མ་བསྡུཝ་ལས་ གནས་སྤོ་འགྱོ་བའི་སྐབས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་དོ་ཡོདཔ་མ་ཚད་ འབྲེལ་ཡོད་ལྷན་ཁག་ ལ་ལོ་ཅིག་གིས་ ལས་འགུལ་དང་འབྲེལ་བའི་ གནས་སྡུད་ཚུ་གསང་བཞག་སྟེ་ དྭངས་གསལ་སྦེ་ བྱིན་མ་བཏུབ་པའི་ དཀའ་ངལ་ལུ་བརྟེན་ཡང་ གྲུབ་འབྲས་ལུ་ གནོདཔ་མས་ཟེར་ཨིན་པས།
དེ་ཡང་ ཟམ་རྐྱབ་ས་དང་ ལམ་སེལ་སའི་ས་ཁོངས་ཚུ་ནང་ ཇ་པཱན་གྱི་ གྲོས་སྟོན་པ་ཚུ་ཡང་ བཅའ་མར་གཏོགས་དོ་ཡོདཔ་ལས་ འབྲུག་མི་ཚུ་གིས་ ལཱ་འབད་ཐངས་ཚུ་ ལེགས་ཤོམ་སྦེ་ར་ ཧོ་གོ་ཡོདཔ་ཨིན་པས།
ཇ་པཱན་གཞུང་ཚབ་ཡིག་ཚང་གི་ དཔལ་འབྱོར་གོང་འཕེལ་གྱི་འཐུས་ཚབ་ གཙོ་འཛིན་ཀོན་ཀོ་ སོ་ནི་གིས་ སླབ་མིའི་ནང་ ཧེ་མ་ར་ ཇ་པཱན་གཞུང་གི་ གྲོགས་རམ་ཐོག་ལས་ ལས་འགུལ་འགོ་འདྲེན་འཐབ་མི་ཚུ་གི་ གྲུབ་འབྲས་བལྟ་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
དེ་མ་ཚད་ སོ་ནམ་ཞིང་ལམ་ སེལ་ནིའི་དོན་ལུ་ ཇ་པཱན་གཞུང་ལས་ འཕྲུལ་ཆས་ཀྱི་ གྲོགས་རམ་གནང་མི་དེ་གིས་ ད་ལྟོ་ཚུན་ སོ་ནམ་ཞིང་ལམ ་ཀི་ལོ་མི་ཊར་༣,༡༩༣ སེལ་ཚར་ཡོདཔ་ལས་ ད་རུང་ ཀི་ལོ་མི་ཊར་༢,༥༠༠ དེ་ཅིག་ སེལ་ནི་ཨིན་མི་དེའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་ཟེར་ཞུ་ཡི།
མོང་སྒར་ཀུར་རི་ཆུ་ གློག་མེ་ལས་འགུལ་གྱི་ ཉེ་འདབས་ལུ་ གཙང་ཆུ་བྲེས་པའི་སྐབས་ རུད་ཆད་ནིའི་ཉེན་ཁ་ཡོདཔ་ལས་ དེའི་དོན་ལུ་ བྱང་རྩིག་རྐྱབ་ནིའི་ འཆར་གཞི་ཡོད་རུང་ མ་དངུལ་མེདཔ་ལས་ ཇ་པཱན་གཞུང་གི་ གྲོགས་རམ་ལུ་ སྒུག་སྡོད་དགོཔ་ཨིན་པས།
དེ་མ་ཚད་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཁྲག་བཙག་འཕྲུལ་ཆས་༦ དེ་ཅིག་ དགོཔ་ཡོདཔ་ལས་ དེའི་དོན་ལུ་ཡང་ རྒྱབ་སྐྱོར་དགོ་པས་ཟེར་མིའི་ལན་ལུ་ ཇ་པཱན་གྱི་ འཐུས་མི་སྡེ་ཚན་གྱིས་འབད་བ་ཅིན་ ད་རེས་ གཙོ་བསྟེན་སྨན་ཁང་ནང་ ཁྲག་བཙག་མཁས་མཆོག་༡ ལས་བརྒལ་མེདཔ་ལས་ འཕྲུལ་ཆས་༦ དགོཔ་ མི་འཐོང་པས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ རྫོང་ཁག་གནང་བྱིན་མ་དངུལ་དང་ རྒེད་འོག་གནང་བྱིན་མ་དངུལ་ཚུ་ མང་ཤོས་ར་ ཚུལ་མིན་ཐོག་ལས་ ལག་ལེན་འཐབ་ཡོད་པའི་ ལོ་རྒྱུས་གོ་བའི་སྐབས་ གྲོགས་རམ་མ་དངུལ་སྤྱོད་ཐངས་ཀྱི་ ལམ་ལུགས་དེ་ དྭངས་གསལ་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཇིན་རྣམ་རྒྱལ།