གྲོས་བསྡུར་ཞལ་འཛོམས་ཉིན་མཇུག་ལུ་ བཅའ་མར་གཏོགས་མི་ཚུ་གིས་ རང་སོའི་ཟིན་བྲིས་ཚུ་ གྲ་སྒྲིག་འབད་བའི་བསྒང་།

གཞི་རིམ་སློབ་གྲྭའི་སློབ་དཔོན་དང་ ཨ་ལོ་གཅེས་སྐྱོང་འཐུས་མི་ཚུ་གིས་ ཨ་ལོའི་དཔེ་དེབ་འབྲི་ནི་ལུ་ ལྷབ་སྦྱང་།

༉ དགེ་ལེགས་ཕུག་ལུ་སྦེ་ གཞི་རིམ་སློབ་གྲྭ་༤༦ གི་ སློབ་དཔོན་ཚུ་དང་ གཞལམ་སྒང་གི་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བའི་ འཐུས་མི་ཚུ་གིས་ ཨ་ལོའི་དཔེ་དེབ་འབྲི་ནིའི་ གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ ས་གནས་ནང་འཁོད་ཀྱི་ གནས་དོན་ཐོག་ལུ་སྦེ་ ཨ་ལོའི་དཔེ་དེབ་༢༣ ཟིན་བྲིས་ བཏབ་ཡོདཔ་ཨིན་པས།
བདུན་ཕྲག་༡ གི་ གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ ཨ་ལོའི་དཔེ་དེབ་ གསརཔ་འབྲི་ནི་དེ་ འགོ་དང་པ་ཨིན་ཟེར་ཨིན་པས།
པཱན་སྦང་ བསོད་ནམས་ཐང་སློབ་གྲྭ་ལྟེ་བའི་ སློབ་རིམ་༢ པ་དང་༣ པའི་ ཨིང་ལིཤ་ཆོས་ཚན་གྱི་སློབ་དཔོན་ ཀརྨ་ཆོས་སྒྲོན་གྱིས་ པར་རིས་དང་བཅས་པའི་སྒོ་ལས་ སེམས་ཅན་རྔམ་སི་སི་གཉིས་ ཆ་སྒྲིག་སྟེ་ཡོད་པའི་ དཔེ་དེབ་ ཤོག་གྲངས་༢༠ འབད་མི་ཅིག་ ཟིན་བྲིས་བཏབ་ཡོདཔ་ཨིན་པས།
དཔེ་དེབ་དེ་ཡང་ ཚིག་འབྲུ་༤༥༠ འབད་མི་ བྱ་ཕུ་ཀྲེ་དང་ ཁྱ་རྒོད་ལྟོ་ཚང་གཉིས་ ག་དེ་སྦེ་ ཆ་རོགས་བསྡོམས་ཡོདཔ་ཨིན་ནའི་ སྐོར་ལས་ཨིན་པས།
ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཨ་ལོའི་དཔེ་དེབ་ནང་འབད་བ་ཅིན་ ཡི་གུའི་ཐོག་ལས་ ཚིག་འབྲི་ནི་བ་ པར་རིས་ཐོག་ལས་ གསལ་སྟོན་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ འབྲུག་མི་ཚུ་གིས་བྲིས་མིའི་ བློ་གསར་སློབ་རིམ་ལས་ སློབ་རིམ་གསུམ་པ་ཚུན་གྱི་ དཔེ་དེབ་ཚུ་ དཔེ་མཛོད་ཁང་ནང་ལས་ ཐོབ་ཚུགས་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
གཞི་རིམ་སློབ་གྲྭ་ནང་ སློབ་སྟོན་འབད་མི་ལུ་བརྟེན་ དཔེ་དེབ་ག་ཅི་བཟུམ་ཅིག་གིས་ ཨ་ལོ་ཚུ་ དྲན་ཤེས་དང་བཅས་པའི་སྒོ་ལས་ ཧ་གོ་ཚུགསཔ་ཨིན་ན་ ཤེས་རྟོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་གིས་ ཨ་ལོའི་དཔེ་དེབ་འབྲི་ནི་དང་ ཨ་ལོ་ཚུ་ལུ་ དཔེ་དེབ་ག་ཅི་བཟུམ་ དགོ་ནི་ཨིན་ན་ འཇམ་ཏོང་ཏོ་སྦེ་ ཤེས་ཚུགས་པས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སླབ་མིའི་ནང་ ཨ་ལོའི་དཔེ་དེབ་འབྲི་ནི་དེ་ ཁོང་གིས་ ཧེ་མ་ ལཱ་མ་འབད་མི་ཅིག་ ཨིན་མས་ཟེར་ཨིན་པས།
དཔེ་དེབ་༢༣ ཟིན་བྲིས་བཏབ་མི་ལས་ མང་ཤོས་ཅིག་ ཨིང་ལིཤ་ནང་ བྲིས་ཡོདཔ་ཨིན་རུང་ སློབ་དཔོན་དག་པ་ཅིག་གིས་ རྫོང་ཁ་ནང་ཡང་ བྲིས་ཡོདཔ་ཨིན་པས།
གྲོས་བསྡུར་ནང་བཅའ་མར་གཏོགས་མི་ སངས་རྒྱས་རྣམ་རྒྱལ་དང་ པར་རིས་འབྲི་མི་གཉིས་ཀྱིས་ ཕའི་དུས་སྐབས་ཟེར་བའི་བརྗོད་དོན་ཐོག་ ཤོག་གྲངས་༢༢ འབད་མི་ རྫོང་ཁའི་སྲུང་དེབ་ཅིག་ ཟིན་བྲིས་བཏབ་ཡོདཔ་ཨིན་པས།
ཧེ་མ་ལས་ར་ ཁོ་ར་ སྲུང་འབྲི་ནི་ལུ་ སྤྲོ་བ་ཡོད་མི་དང་བསྟུན་ ཁོ་གིས་ འབྲི་ནི་གི་སྐོར་ལས་ ལཱ་འགོ་བཙུགས་ཅི་ཟེར་ཨིན་པས།
དཔེ་དེབ་ཚུ་ པར་སྐྲུན་འབད་ཞིནམ་ལས་ གཞལམ་སྒང་ གཞི་རིམ་སློབ་གྲྭ་ཚུ་ནང་ ཁྱབ་ཚུགསཔ་སྦེ་ བགོ་བཀྲམ་འབད་ནི་ཨིནམ་མ་ཚད་ སློབ་གྲྭ་གཞན་ཚུ་ལུ་ཡང་ གོང་ཚད་རན་ཏོག་ཏོ་ཐོག་ལུ་ མཁོ་སྤྲོད་འབད་ནི་ཟེར་ཨིན་པས།
ཨ་ལོ་ཉེན་སྐྱོབ་གོང་འཕེལ་ལས་རིམ་འགོ་འདྲེན་པ་ བི་ཤཱལ་རའི་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤ ལས་༢༠༡༦ ཚུན་ལུ་ འབྲུག་ཨ་ལོའི་དཔེ་དེབ་གསར་བཏོད་འབད་མི་དེ་ མཐར་འཁྱོལ་ཅན་སྦེ་ སོང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེ་གི་ཤུལ་ལུ་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་སྔ་ཆ་ལུ་ སློབ་དཔོན་ཚུ་ལུ་ ཨ་ལོའི་དཔེ་དེབ་གོང་འཕེལ་གྱི་སྐོར་ལས་ གྲོས་བསྡུར་ཞལ་འཛོམས་ཐེངས་༢ འཚོགས་ཅི་ཟེར་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ཐེངས་༢ འཚོགས་པའི་སྐབས་ དཔེ་དེབ་༥༠ དེ་ཅིག་ ཟིན་བྲིས་བཏབ་པའི་ཁར་ དཔེ་དེབ་༣༠ པར་སྐྲུན་འབད་ཚར་ཡོདཔ་ད་ དཔེ་དེབ་༢༠ ད་ལྟོ་ པར་སྐྲུན་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཨ་ལོའི་དཔེ་དེབ་བྲིས་མི་ གཙོ་བོ་ཅིག་ཨིན་མི་ ཕྱག་རྡོར་དབང་མོ་གིས་ སླབ་མིའི་ནང་ ས་གནས་ནང་འཁོད་ཀྱི་ བརྗོད་དོན་ཐོག་ལུ་ བྲིས་མིའི་དཔེ་དེབ་ཚུ་ལུ་ ཨ་ལོ་ཚུ་གིས་ ལྷབ་ནི་ལུ་ སྤྲོ་བ་བསྐྱེདཔ་མས་ཟེར་ཨིན་པས།
གྲོས་བསྡུར་ཞལ་འཛོམས་དེ་ ཨ་ལོ་ཉེན་སྐྱོབ་དང་ གོང་འཕེལ་ཡིག་ཚང་དང་ གཞལམ་སྒང་རྫོང་ཁག་གཉིས་ མཉམ་རུབ་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

ནིར་མ་ལ་པོག་རལ་དང་ པདྨ་རིན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *