མགོན་པོ་ཚེ་རིང་།
སྐྱེས་ལོ་༥༢ །
ཉམས་མྱོང་ སོ་ནམ་ཁྱད་རིག་པ་ ཤེས་ཡོན་པ་ འཛིན་སྐྱོང་པ་ ཚོང་འབྲེལ་པ་ ཚོང་ལས་འཐབ་མི།
ཤེས་ཚད་ སོ་ནམ་ནང་ མཐོ་རིམ་སློབ་གྲྭ་དང་ ཤིང་སྣ་རིག་པའི་ནང་ མཐོ་རིང་གོང་མ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ཉམ་ཆུང་དང་ ཕྲང་སྟེ་སླབ་མི་ དེ་ལས་ ལཱ་ལུ་བརྩོན་མི།
ཁྱོད་རའི་འདེམས་ཀྱི་དོན་ལུ་ གཙོ་རིམ་ག་ཅི་བཟུང་ནི?
ལོ་ལྔའི་ནང་འཁོད་ལུ་ སོ་ནམ་གྱི་ལཱ་ཚུ་ ཚོང་འབྲེལ་ཐོག་ལས་ ཁྱིམ་གུང་རེའི་ ཐོན་ཤུགས་ལོག་ལྟབ་ཡར་སེང་འབད་ནི་ དེ་ལས་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་དེ་ཡང་ མར་ཕབ་འབད་ནི། རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ འཕྲོ་མཐུད་དེ་ རྩི་ནག་གཏང་ནི་ ཀྲོང་གསར་དང་གཞལམ་སྒང་ དེ་ལས་ དགེ་ལེགས་ཕུག་བར་ནའི་ གཞུང་ལམ་དེ་ ཕྲང་ལམ་དང་ ཉམས་བཅོས་འབད་ནི་ འཁོར་ལམ་གྱི་སྒོར་ལྟབ་ཚུ་ བསྒྱུར་བཅོས་འབད་ནི། ལྕམ་མཁར་ཆུ་གློག་མེ་ལས་འགུལ་འགོ་བཙུགས་ནི་ལུ་ ཤུགས་བཏོན་ནི་ གཞལམ་སྒང་རྫོང་ཉམས་གསོ་ཞུ་སྟེ་ ཁྲོམ་རྒྱ་བསྐྱེད་འབད་ནི་ གཞལམ་སྒང་ལུ་ མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནི་ དེ་ལས་ རྫོང་ཁག་དེ་ ལྟ་བཤལ་འོང་སའི་ ལྟེ་བ་ཅིག་སྦེ་བཟོ་ནི།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ་?
དགའ་མི་དེ་ མི་ཚུ་དང་ཕྱད་ཚུགས་ཏེ་ ཁོང་གི་དཀའ་ངལ་ཚུ་ ཤེས་ཚུགས་པའི་ཁར་ དམངས་གཙོའི་སྐོར་ལས་ རྒྱ་བསྐྱེད་འབད་ཚུགས་པའི་ཁར་ མ་དགའ་མི་དེ་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་བཏང་མི་དང་ སྲིད་དོན་གྱིས་ཐོག་ལས་ མི་སྡེའི་བར་ན་ དབྱེ་བ་བཟོ་མི་དེ།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ཧེ་མའི་ལཱ་གི་ ཉམས་མྱོང་དང་རྩོན་ཤུགས་ཅན་ དེ་ལས་ དྲང་བདེན་གྱི་ཐོག་ལས་འབད་བའི་ རྗེས་ཐོ་ཡོད་མི་དང་ ཚོགས་པའི་གཙོ་འཛིན་དེ་ ཉམས་མྱོང་ཅན་ཅིག་ཨིན་པའི་ཁར་ ཚོགས་པ་ནང་ གཞན་ཡང་ ཉམས་མྱོང་ཅན་གྱི་ བློན་པོ་འབད་མི་དང་ ལྡོག་ཕྱོགས་འབད་མི་ཚུ་ཡོདཔ་ལས་ ཚོགས་པ་གིས་ རྒྱལ་ཁབ་ཉེན་སྲུང་ཐོག་ལས་ མ་འོངས་པའི་དོན་ལུ་ ཡུན་བརྟན་ཅན་བཟོ་ཚུགས།
ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
དཔལ་འབྱོར་གོང་འཕེལ་དང་ འཁོར་ལམ་གྱི་གནས་སྟངས་ ཡར་དྲག་གཏང་ནི་ དེ་ལས་ སོ་ནམ་ཐོན་སྐྱེད་དང་འབྲེལ་བའི་བཟོ་གྲྭ་གཞི་བཙུགས་འབད་ནི་དང་ གྲོང་གསེབ་ཀྱི་ཐོན་སྐྱེད་ ལོག་ལྟབ་ཀྱིས་ ཡར་སེང་འབད་ནི་ དེ་ལས་ དབུལ་ཕོངས་མར་ཕབ་འབད་ནིའི་དོན་ལུ་ ཕྱིར་ཚོང་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི།
མི་སྡེ་བརྡ་བརྒྱུད་ཀྱིས་ བཙག་འཐུ་སྐབས་ ཁྱོད་ལུ་ ཕན་གནོད་ག་དེ་སྦེ་འདུག?
དོན་སྨིན་ཅན་སྦེ་ སྤྱོད་པ་ཅིན་ དེ་གིས་ བརྡ་དོན་སྤེལ་ནིའི་ནང་ ཕན་ཐོགས་ཡོད་པའི་ཁར་ མིང་རྫུས་མ་བཟོ་སྟེ་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་གཏང་པ་ཅིན་ དེ་གིས་ མི་སྡེའི་བར་ན་ དབྱེ་བ་ཕྱེ་སྟེ་ སྟབས་མ་བདེཝ་བཟོཝ་མས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ན་གཞོན་ལཱ་གཡོག་མ་ཐོབ་མི་དང་ མི་སྡེའི་གདོང་ལེན་ རྒྱལ་ཁམས་ཀྱི་བུ་ལོན་ ཕྱིའི་གྲོགས་རམ་ལུ་བརྟེན་སྡོད་མི་དེ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ གདོང་ལེན་སྦོམ་འཐོན་འོང་།