༉ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༣ པའི་ འགོ་ཐོག་བཙག་འཐུའི་ སྐུལ་བསྒྲགས་ཚེས་གྲངས་ ད་རིས་ མཇུག་བསྡུ་མི་དང་འབྲེལ་ གཞལམ་སྒང་རྫོང་ཁག་གི་ འདེམས་ཁོངས་༢ ཀྱི་ འདེམས་ངོ་༨ ཡོད་ས་ལས་༡ གིས་ ཁ་ཙ་ལས་ སྐུལ་བསྒྲགས་མཇུག་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ པཱན་སྦང་གི་འདེམས་ངོ་ སྐྱེས་ལོ་༥༤ ལང་མི་ ལུང་བརྟན་རྡོ་རྗེ་གིས་ ཁ་ཙ་ སྒོ་ཤིང་ལུ་ སྐུལ་བསྒྲགས་འབད་བའི་ཤུལ་ལས་ མཇུག་བསྡུ་ཡོདཔ་ཨིན་པས།
ཁོ་གིས་ ད་རིས་ཚུན་ སྐུལ་བསྒྲགས་འབད་ནིའི་ དུས་ཚོད་ཡོད་རུང་ ཚོགས་པའི་རྒྱབ་སྐྱོར་པ་དང་ འགོ་འདྲེན་པ་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ནིའི་དོན་ལུ་ ཉིནམ་མཇུག་ལུ་ སྐུལ་བསྒྲགས་མི་འབད་ཟེར་ ཁོ་གིས་ བཤད་ཅི།
ཁོ་གིས་ ཁ་ཙ་ སྒོ་ཤིང་དང་གླང་ཐང་ དེ་ལས་ བསོད་ནམས་ཐང་དང་ཡུམ་ཐང་ མ་རང་སྦིས་ལ་སོགས་པའི་ས་ཁོངས་ཚུ་ནང་ ཁྱིམ་གུང་པ་མང་སུ་ཡོདཔ་ལས་ དེ་ཚུ་ནང་ སྐུལ་བསྒྲགས་འབད་ཡི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ པཱན་སྦང་གི་འདེམས་ངོ་ སྐྱེས་ལོ་༣༠ ལང་མི་ ཚེ་རིང་ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ ཁོ་གིས་ འགོ་ཐོག་བཙག་འཐུ་ནང་ལས་ རྒྱབ་སྐྱོར་ལེགས་ཤོམ་འཐོབ་ནིའི་ ཡིད་ཆེས་ཡོད་ཟེར་ཨིནམ་ད་ འཕང་མཁར་ལས་ཨིན་མི་འདེམས་ངོ་གིས་ ཁ་ཙ་ སྒོ་ཤིང་གི་གཡུས་ཚན་ནང་ སྒོ་བཤལ་སྐུལ་བསྒྲགས་འབད་བའི་ཤུལ་ལས་ ད་རིས་ ཁོ་རའི་གཡུས་ འཕང་མཁར་ལས་མཇུག་བསྡུ་ནི་ཟེར་ཨིན་པས།
པཱན་སྦང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་གཉིས་ བརྒྱུད་འཕྲིན་བདའ་མ་ཟུནམ་ལས་ འབྲེལ་བ་འཐབ་མ་ཚུགས།
བར་དོ་ཀྲོང་འདེམས་ཁོངས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༣༨ ལང་མི་ བསོད་ནམས་ལས་སྐྱིད་ཀྱིས་ ཁ་ཙ་ སྐྱིད་མཁར་དང་རྟ་ལི་ དེ་ལས་ དག་འཕེལ་གྱི་ས་ཁོངས་ནང་ སྒོ་བཤལ་སྐུལ་བསྒྲགས་འབད་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁྱིམ་གུང་པ་ག་དེ་མང་མང་ནང་ ལྷོད་ཚུགསཔ་འབད་ནིའི་དོན་ལུ་ རྩ་འགེངས་རུང་ དུས་ཚོད་འ་ནེམ་ཅིག་ཁར་ འབྱ་གཡུར་རྐྱབ་ནིའི་ དུས་ཚོད་འབད་ནི་དེ་གིས་ ཁྱིམ་སྟོངམ་མང་སུ་ཕྱད་ཅི་ཟེར་ཨིན་པས།
ཨིན་རུང་ འདེམས་ངོ་གིས་ དུས་ཅི་ མི་སེར་ཚུ་གིས་ སྲིད་ཚོགས་གདམ་ཁ་རྐྱབ་ནིའི་ནང་ བསྒྱུར་བ་འབག་འོང་ནིའི་སྐོར་ལས་ སླབ་དོ་ཡོདཔ་ལས་ མི་སེར་ཚུ་གིས་སླབ་མི་ལུ་ འགྱུར་བ་མ་འགྱོ་བ་ཅིན་ ཚོགས་པ་གིས་ མི་སེར་ཚུ་ལས་ རྒྱབ་སྐྱོར་འཐོབ་ནིའི་ ཡིད་ཆེས་ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མགོན་པོ་ཚེ་རིང་གིས་ སླབ་མིའི་ནང་ ཁོ་གིས་ དུས་ཅི་འབདཝ་ད་ ཐེངས་གཉིས་ དོ་འགྲན་ནང་ བཅའ་མར་གཏོགས་དོ་ཡོདཔ་ལས་ མི་སེར་ཚུ་གིས་ཡང་ ཧ་གོ་ཟེར་ཨིནམ་ད་ ཁོ་ར་ ཁ་ཙ་ཚུན་ ཁོ་རའི་གཡུས་ ཁོམ་ཤར་ལུ་ འགྱོ་བའི་ལམ་བདའ་ཕྱད་མི་ཚུ་ལུ་ སྐུལ་བསྒྲགས་འབད་ཡོད་རུང་ ཁོམ་ཤར་ལུ་ ཁྱིམ་གུང་པ་༡༤༧ ལྷགཔ་ཅིག་ཡོདཔ་ལས་ སྐུལ་བསྒྲགས་འབད་མི་ཚར་ནི་ཨིན་རུང་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཡོདཔ་སྦེ་ མཐོང་ཡི་ཟེར་བཤད་ཅི།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ལས་སྐྱིད་རྡོ་རྗེ་གིས་ ཁོ་ར་ ལཱ་རྩ་འགེངས་འབད་མི་ཅིག་འབད་ནི་དེ་གིས་ གྲུབ་འབྲས་ཡང་ ལེགས་ཤོམ་འཐོན་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ འགོ་ཐོག་ནང་ལས་ རྒྱལ་ཁ་འཐོབ་ནི་དང་ ཕམ་ནི་དེ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རག་ལས་དགོ་ནི་མས་ཟེར་ཨིན་པས།
འདེམས་ངོ་ཨམ་སྲུ་ཅིག་ལས་མེད་མི་ བར་དོ་ཀྲོང་གི་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ སྐལ་བཟང་ཆོས་སྒྲོན་གྱིས་ བཤད་མིའི་ནང་ མོ་གིས་ གྲུབ་འབྲས་ལུ་དེ་ཅིག་ བལྟ་ནི་མེད་རུང་ མོ་གིས་མི་སེར་ཚུ་ལུ་ ཡིད་ཆེས་བསྐྱེད་ཚུགསཔ་བཟོ་ནི་ལུ་ ག་དེ་དྲག་དྲག་རྩ་འགེངས་ཡི་ཟེར་བཤད་ཅི།
མོ་གིས་ འབད་བ་ཅིན་ ཚོགས་པ་༤ པོ་ ཆ་རའི་འདེམས་ངོ་ཚུ་གིས་ རྩ་འགེངས་ཏེ་འབད་ཡོདཔ་ལས་ ག་ར་གིས་ རྒྱལ་ཁ་འཐོབ་ནི་བཟུམ་མཐོང་ཡི་ཟེར་བཤད་ཅི།
ཁ་ཙ་ གཞལམ་སྒང་ལུ་ ཆརཔ་རྐྱབ་མི་དེ་གིས་ མོ་གིས་ ཀྲོང་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ལུ་ མི་ལེ་ཤ་དང་གཅིག་ཁར་ ཕྱད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ སྐལ་བཟང་ཆོས་སྒྲོན་གྱིས་ བཤད་པའི་ཁར་ ད་རིས་ མོ་གིས་ ཉིནམ་མཇུག་ལུ་ ཏིང་ཏི་སྦིས་ལུ་ འགྱོ་སའི་ལམ་ཁར་ཡོད་མི་ ཁྱིམ་གུང་པ་༡༥ དེ་ཅི་ཡོད་མི་ དག་འཕེལ་ལུ་ སྒོ་བཤལ་སྐུལ་བསྒྲགས་འབད་ནི་ཨིན་པས།
འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་ནང་འགྱོ་བའི་སྐབས་ཀྱི་ ཉམས་མྱོང་ཚུ་ བཤད་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་གིས་ སྲིད་དོན་ལུ་ ཡིད་ཆས་མེད་པའི་ཁར་ འདེམས་ངོ་ཚུ་ག་འོང་རུང་ ཁས་བླངས་ཅོག་འཐདཔ་འབད་ནི་དེ་གིས་ ཡིད་ཆེས་མེདཔ་སོང་ནུག་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ལ་ལོ་ ཧེ་མ་ལས་ ཚོགས་པ་ཅིག་ནང་ རྒྱབ་སྐྱོར་འབད་མི་ཚུ་ཨིན་པ་ཅིན་ ཚོགས་པ་གསརཔ་ཚུ་གིས་ ཞལ་འཛོམས་ནང་འབོ་པའི་སྐབས་ལུ་ བཅའ་མར་མ་གཏོགས་པར་ སྡོད་མི་ཡང་ཡོདཔ་ལས་ མི་ཚུ་གིས་ སེམས་ཀྱི་མནོ་ཐངས་ཡང་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
གཞལམ་སྒང་ལུ་ བར་དོ་ཀྲོང་དང་ པཱན་སྦང་འདེམས་ཁོངས་༢ ཡོདཔ་ཨིན་པའི་གནས་ཚུལ།
གཞལམ་སྒང་ལས་ བཀྲིས་བསྟན་འཛིན།