གཞལམ་སྒང་ལུ་ གཞུང་མིན་ཡིག་ཚང་ཚུ་ནང་འགྱོཝ་ད་ གོ་དང་དཀྱི་ར་ གྱོན་དགོཔ།

༉ གཞལམ་སྒང་ རྫོང་ཁག་ཚོགས་འདུ་དང་ རྫོང་ཁག་བདག་སྐྱོང་གིས་ ཡང་བསྐྱར་དུ་ དྲན་གསོ་འབད་མིའི་ནང་ རྫོང་ཁག་ནང་ཡོད་པའི་ ལུང་ཕྱོགས་ཡིག་ཚང་ཚུ་གི་ ཞབས་ཏོག་ལག་ལེན་འཐབ་པར་ འོང་མི་ཚུ་གིས་ རང་ལུགས་ཀྱི་གྱོན་ཆས་ གོ་དང་དཀྱི་ར་གྱོན་དགོ་པའི་སྐོར་ལས་ གསལ་བསྒྲགས་འབད་དགོཔ་སྦེ་ ཨིན་པས།
དེ་ཡང་ ཁ་ཙ་ རྫོང་ཁག་གི་ ལས་འཛིན་དང་ དངུལ་འབྲེལ་ལས་སྡེ་ཚུ་ལུ་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་དེ་ རྫོང་ཁག་བདག་སྐྱོང་གིས་ བཏང་མི་དང་འཁྲིལ་བ་ཅིན་ རང་ལུགས་ཀྱི་གྱོན་ཆས་ ལག་ལེན་འཐབ་དགོ་པའི་སྐོར་ལས་ རང་སོའི་ཡིག་ཚང་གི་ བརྡ་བྱང་ནང་ གསལ་བསྒྲགས་འབད་དགོ་ཟེར་ཨིན་པས།
གསལ་བསྒྲགས་དང་འཁྲིལ་བ་ཅིན་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་༣ པ་དེ་ ཚོགས་འདུ་ཐེངས་༤ པའི་ནང་ བསྐྱར་ཞིབ་འབད་ཐོག་ལས་ གྱོན་ཆས་དེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ ཡང་བསྐྱར་དུ་ དྲན་གསོ་འབད་དོ་ཟེར་ཨིནམ་བཞིན་དུ་ རྫོང་ཁག་ནང་ཡོད་པའི་ ལུང་ཕྱོགས་ཡིག་ཚང་དང་ ལས་འཛིན་ དེ་ལས་ དངུལ་འབྲེལ་ལས་སྡེ་ཚུ་གིས་ གྲོས་ཆོད་དེ་ལུ་ མཉམ་འབྲེལ་ཐོག་ལས་ གྲོགས་རམ་འབད་གནང་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལས་ཕར་ མི་ཚུ་གིས་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་བདག་སྐྱོང་ཡིག་ཚང་རྐྱངམ་གཅིག་ནང་མེན་པར་ ལས་འཛིན་དང་ དངུལ་འབྲེལ་ཡིག་ཚང་ཚུ་ནང་ འགྱོ་བའི་སྐབས་ལུ་ཡང་ རང་ལུགས་ཀྱི་གྱོན་ཆས་ཐོག་ལས་ སྒྲིག་ལམ་རྣམ་གཞག་དང་ ལྡན་ཏོག་ཏོ་སྦེ་ འོང་དགོ་ཟེར་ཨིན་པས།
དེ་བཟུམ་གྱི་ ལམ་ལུགས་བཟོ་མི་དེ་གིས་ གོ་དང་དཀྱི་ར་ལག་ལེན་འཐབ་ཐོག་ལས་ རྒྱལ་ཁབ་ཀྱི་ རང་དབང་དང་སྲུང་སྐྱོབ་ལུ་ ལྷན་ཐབས་འབྱུང་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་ཡང་ གྱོན་ཆས་ལག་ལེན་འཐབ་དགོ་པའི་ གྲོས་ཆོད་དེ་ རྫོང་ཁག་ཚོགས་འདུ་ཐེངས་༣ པའི་ནང་བཏོན་ནུག།
རྫོང་བདག་ ཧར་ཀ་སིང་ ཏ་མང་གིས་འབད་བ་ཅིན་ ད་ལས་ཕར་ རྫོང་ཁག་ནང་ཡོད་པའི་ ཡིག་ཚང་ཚུ་གིས་ ལམ་ལུགས་དེ་ལུ་གནས་དགོཔ་ཁག་ཆེ་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ ངོ་རྟགས་ངོ་མ་དེ་ རང་ལུགས་ཀྱི་ གོ་དང་དཀྱི་ར་ཨིནམ་ལས་ དེ་ཚུ་ བདག་འཛིན་འཐབ་པ་ཅིན་ རང་དབང་སྲུང་སྐྱོབ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།
དེ་མ་ཚད་ གྲོས་ཆོད་དེ་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ངོས་ལེན་ལེགས་ཤོམ་འབད་འོང་མནོ་བའི་ རེ་བ་སྦོམ་ཡོད་ཟེར་ཨིནམ་ད་ གལ་སྲིད་དེ་ལུ་ ངོས་ལེན་མ་འབད་བ་ཅིན་ རྫོང་ཁག་ཚོགས་འདུ་ལུ་ ཡིད་ཆེས་དང་ ངོས་ལེན་མེད་པའི་ བརྡ་མཚོན་བཏོན་ནི་ཨིནམ་ལས་ ག་ར་གིས་ རྒྱབ་སྐྱོར་འབད་འོང་མནོ་བའི་རེ་བ་ ཡོད་ཟེར་ཨིན་པས།
དྲན་གསོའི་གསལ་བསྒྲགས་དེ་ རྫོང་ཁག་བདག་སྐྱོང་དང་ པཱན་སྦང་དྲུང་ཁག་བདག་སྐྱོང་ དེ་ལས་ རྒེད་འོག་༨ ཀྱི་ རྒཔོ་ཚུ་ལུ་ དེ་ལས་ བཏང་ཡོདཔ་བཞིན་དུ་ ཆ་མཉམ་གྱིས་ གསལ་བསྒྲགས་དང་བསྟུན་ ལཱ་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *