གཞལམ་སྒང་རྫོང་ཁག་གི་ས་འཇལ་པ་ གནས་སྐབས་ཅིག་གི་དོན་ལུ་ དགོངས་ཕོག་བཏང་ཡོདཔ།

༉ ཀྲོང་གསར་ལུ་ ཚུལ་མིན་ཐོག་ལས་ ས་ཆ་ཉོ་བཙོང་འཐབ་པའི་ རྩོད་དོན་ནང་ གྲལ་གཏོགས་ཡོད་མི་ ཞི་གཡོགཔ་༢ ཀྱི་གྲས་ལས་ གཞལམ་སྒང་རྫོང་ཁག་གི་ ས་འཇལ་པ་སྦེ་ ལཱ་འབད་མི་ ན་ར་ཡཱན་ཌེང་གཱལ་དེ་ རྫོང་ཁག་གིས་ གཡོག་ནང་ལས་ གནས་སྐབས་ཅིག་གི་དོན་ལུ་ དགོངས་ཕོག་བཏང་ཡོདཔ་ཨིན་པས།

དེ་ཡང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ལས་ ན་ར་ཡཱན་ཌེང་གཱལ་དེ་ ཚུལ་མིན་གྱི་ལཱ་ནང་ གྲལ་གཏོགས་ཡོད་པའི་ ཡི་གུ་ཅིག་ རྫོང་ཁག་ནང་ ལྷོད་མི་དང་འཁྲིལ་ཏེ་ཨིན་པས།
དེ་དང་ཁྲིལ་ ན་ར་ཡཱན་ཌེང་གཱལ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ར་ གཡོག་ནང་ལས་ གནས་སྐབས་ཅིག་ དགོངས་ཕོག་བཏང་ཡོདཔ་ལས་ ད་རེས་ ཁོ་གིས་ ཟླ་རིམ་གྱི་ དངུལ་ཕོགས་དེ་ཡང་ བརྒྱ་ཆ་༥༠ མ་གཏོགས་ མི་ཐོབ་དོ་ཡོདཔ་ཨིན་པས།
དགོངས་ཕོག་ཡི་གུ་དང་འཁྲིལཝ་ད་ ཁོ་གིས་ ཁྲིམས་འདུན་ལུ་ རྩོད་གཞི་དེ་ མཇུག་མ་བསྡུ་ཚུན་ ཟླ་རིམ་གྱི་དངུལ་ཕོགས་ བརྒྱ་ཆ་༥༠ སྦེ་ར་ སྡོད་དགོཔ་དང་ གལ་སྲིད་ ཁོ་ར་ ཉེས་འགྲོལ་སོང་སྟེ་འབད་བ་ཅིན་ ཁོ་རང་ཡང་ གཡོག་ནང་ རང་འཇགས་སྦེ་ ལོག་བཙུགས་ནི་དང་ ལྷག་ལུས་དངུལ་ཕོགས་བརྒྱ་ཆ་༥༠ འབད་མི་དེ་ཡང་ ལོག་སྤྲོད་ནི་ཨིན་ཟེར་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ གཞལམ་སྒང་རྫོང་ཁག་ལུ་བཏང་མི་ ཡི་གུ་དང་འཁྲིལཝ་ད་ ན་ར་ཡཱན་ཌེང་གཱལ་དེ་ སྟག་རྩེ་ལམ་སྲོལ་དང་ སྐད་ཡིག་མཐོ་རིམ་སློབ་གྲྭའི་དོན་ལུ་ ས་ཆ་གཞུང་བཞེས་དང་ ས་ཚབ་ཀྱི་གནད་དོན་ནང་ བྱ་ངན་འཐབ་པའི་གནད་ལུ་བརྟེན་ ཀྲོང་གསར་ཁྲིམས་འདུན་ལུ་ རྩོད་བཤེར་ནང་ཡོད་ཟེར་ བཀོད་དེ་འདུག།
དེ་བཟུམ་སྦེ་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ཡི་གུ་དང་འཁྲིལ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ན་ར་ཡཱན་ཌེང་གཱལ་དེ་ གཡོག་ནང་ལས་ གནས་སྐབས་ཅིག་གི་དོན་ལུ་ དགོངས་ཕོག་གཏང་དགོཔ་སྦེ་ བཀོད་དེ་འདུག།
གལ་སྲིད་ མི་ངོ་དེ་ དགོངས་ཕོག་མི་གཏང་ནི་སྦེ་ གྲོས་ཐག་གཅད་པ་ཅིན་ ཁོ་ར་ ཁྲིམས་འདུན་ལུ་ བཅར་བའི་སྐབས་ གཞུང་གི་རྒྱུ་དངོས་དང་ ཡིག་ཚང་གི་ དུས་ཚོད་ཚུ་ལུ་ ཐོ་ཕོག་བཅུག་ནི་ མི་འོང་ཟེར་བཀོད་ནུག།
ན་ར་ཡཱན་ཌེང་གཱལ་ལུ་ ཉེས་ལས་འཐབ་ནིའི་ནང་ རྒྱབ་སྐྱོར་འབད་མི་དང་ ཡིག་ཚང་གི་ བྱ་སྤྱོད་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཕོག་ཡོདཔ་ཨིན།
ཨིན་རུང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་དེ་ ད་ལྟོའི་བར་ན་ཡང་ ཁོ་རའི་ཡིག་ཚང་ནང་ ལཱ་འབད་བའི་བསྒང་ཡོདཔ་ད་ དངུལ་ཕོགས་ཡང་ ཨ་རྟག་ག་ཨིནམ་སྦེ་ འཐོབ་དོ་ཡོདཔ་ཨིན་པས།
ཁོ་ར་ ཀྲོང་གསར་ཁྲིམས་འདུན་ལུ་ ད་ལྟོ་ཚུན་ སྙན་གསན་གྱི་དོན་ལུ་ ཚར་གཉིས་འོང་བའི་སྐབས་ ཡིག་ཚང་ནང་ལས་ ངལ་འཚོ་བཙུགས་ཏེ་ འོང་ཡོདཔ་ད་ མ་གཞི་ གདམ་ཁ་ཡོད་པ་ཅིན་ དེ་བཟུམ་མའི་ གོ་སྐབས་དེ་ ན་ར་ཡཱན་ཌེང་གཱལ་ལུ་ཡང་ ཐོབ་དགོཔ་བཟུམ་སྦེ་ མཐོངམ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ཡི་གུ་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གཞལམ་སྒང་རྫོང་ཁག་བདག་སྐྱོང་ གཉིས་ཆ་ར་ལུ་ བཏང་ཡི་ཟེར་ཨིན་པས།
མི་ཚུ་གིས་ བསམ་བཤད་འབད་མིའི་ནང་ ལྷགཔ་རྡོ་རྗེ་དང་ ན་ར་ཡཱན་ཌེང་གཱལ་གཉིས་ ཞི་གཡོགཔ་ཅོག་འཐད་རུང་ ཁྲིམས་ལུགས་མ་འདྲཝ་སྦེ་ ལག་ལེན་འཐབ་མི་ལུ་ འདྲ་མཉམ་མིན་འདུག་ཟེར་ སླབ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ རྩོད་གཞི་དེ་ལུ་ གཞི་བཞག་ཐོག་ལས་ རྩོད་གཞི་གཅིག་ནང་ གྲལ་གཏོགས་ཡོད་མི་ ཞི་གཡོགཔ་དེ་ གནས་སྐབས་དགོངས་ཕོག་ གཏང་ནི་ཨིན་མེན་དེ་ ལས་སྡེ་རང་ར་སོ་སོ་ལུ་ རག་ལས་འོང་ཟེར་ཨིནམ་ད་ ལྷགཔ་རྡོ་རྗེ་དེ་ ཁོ་ར་ རྩོད་གཞིའི་དོན་ལུ་ ངལ་གསོ་ལེན་ཏེ་ འགྱོ་དོ་ཡོདཔ་ད་ ཁོ་རའི་རྒྱུ་དངོས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ དགོངས་ཕོག་མ་གཏང་ཟེར་ཨིན་པས།
དེ་བཟུམ་སྦེ་ མ་གཞི་ ཁོང་གཉིས་ཆ་ར་ ཞི་གཡོགཔ་འབད་རུང་ ད་རེས་ སྐྱོང་ཐངས་མ་འདྲཝ་སྦེ་ ཐོན་མི་དེ་ གཙོ་བོ་ར་ ཁོང་གཉིས་ལུ་ བདག་སྐྱོང་གི་ ངོས་ལེན་འབད་མི་གཙུག་སྡེ་ སོ་སོར་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨིན་རུང་ ཞི་གཡོགཔ་ཚུ་གིས་ རྩོད་དོན་ཚུ་ལུ་བརྟེན་ གནས་སྐབས་ཀྱི་ དགོངས་ཕོག་བཏང་མི་དེ་ ཁྲིམས་བཟུམ་སྦེ་ མནོ་བསམ་གཏང་ནི་ མི་འོང་ཟེར་ཨིནམ་ད་ དེ་ཡང་ མི་ངོ་དེ་ལུ་ ཁྲིམས་འདུན་ལས་ ཉེས་པ་ཡོདཔ་སྦེ་ མ་བཏོན་ཚུན་ ཉེས་པ་མེདཔ་སྦེ་ བརྩི་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
གཞལམ་སྒང་རྫོང་བདག་ ཧར་ཀ་སི་ཏ་མང་གིས་ སླབ་མིའི་ནང་ ན་ར་ཡཱན་ཌེང་གཱལ་ གནས་སྐབས་དགོངས་ཕོག་ བཏང་མི་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ལྷོད་མི་ ཡི་གུ་དང་འཁྲིལ་ཏེ་ ཨིན་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཁོ་ར་ ཡིག་ཚང་ནང་ འཕྲོ་མཐུད་དེ་ འོང་པ་ཅིན་ ཡིག་ཚང་ནང་ལས་ ཤོག་ལེབ་གཅིག་འབད་རུང་ གཞུང་གི་རྒྱུ་དངོས་འབདཝ་ལས་ ལག་ལེན་འཐབ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཨིན་རུང་ ད་རེས་ གནས་སྐབས་ཀྱི་ དགོངས་ཕོག་བཏང་མི་དེ་ ཁྲིམས་མེན་པར་ ཁོ་ར་ ཁྲིམས་འདུན་ལུ་ བྱ་སྟབས་བདེ་ཏོག་ཏོ་སྦེ་ རྩོད་གཞིའི་ནང་ གྲལ་གཏོགས་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཁྲིམས་འདུན་ལས་ ཁོ་ལུ་ ཉེས་པ་མེདཔ་སྦེ་ འཐོན་སོ་པ་ཅིན་ ད་ལྟོ་བཏོགས་བཞག་མི་ ཁོ་རའི་ དངུལ་ཕོགས་བརྒྱ་ཆ་༥༠ དེ་ཡང་ ལོག་སྤྲོད་འོང་ཟེར་ ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *