༉ གཞལམ་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་༥ ཡོད་པའི་གྲས་ལས་ ཁ་ཙ་ ཁེངས་རིག་རྣམ་གསུམ་གྱི་ མི་སེར་ཚུ་གིས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ པདྨ་གྲགས་པ་དེ་ ལོག་སྟེ་ར་ འཐུས་མི་སྦེ་ བཙག་འཐུ་འབད་ཡི།
ཨིན་རུང་ ད་ལྟོ་ གཞུང་འབྲེལ་ཐོག་ལས་ གཏན་འཁེལ་མེནམ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ད་རིས་རྐྱངམ་གཅིག་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་ནི་ཨིན་པས།
པདྨ་གྲགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢,༦༣༩ ཐོབ་ཡོདཔ་ད་ རྡོ་རྗེ་ཚེ་བརྟན་གྱིས་ ཚོགས་རྒྱན་༢,༡༨༢ དང་ བསོད་ནམས་ལས་སྐྱིད་ཀྱིས་༡,༨༩༤ དེ་ལས་ རིན་ཆེན་གྱིས་༡,༢༡༧ དང་ སངས་རྒྱས་རྡོ་རྗེ་གིས་ ཚོགས་རྒྱན་༨༧༠ ལས་བརྒལ་ ཐོབ་མ་ཚུགས་པས།
བར་དོ་རྒེད་འོག་ ཁོམས་ཤར་ལས་ སྐྱེས་ལོ་༤༩ ལང་མི་ པདྨ་གྲགས་པ་གིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡,༣༩༡ དང་ འགྲེམ་ཐོག་ཚོགས་རྒྱན་༡,༢༤༨ ཐོབ་སྟེ་ བཙག་འཐུ་གྲུབ་ཅི།
དེ་ལས་ རྡོ་རྗེ་ཚེ་བརྟན་གྱིས་ ཚོགས་རྒྱན་འཕྲུལ་ཆས་ལས་༡,༥༥༦ དང་ འགྲེམ་ཐོག་ཚོགས་རྒྱན་༦༢༦ དང་ རིན་ཆེན་གྱིས་ ཚོགས་རྒྱན་འཕྲུལ་ཆས་ལས་༨༠༢ དང་ འགྲེམ་ཐོག་ཚོགས་རྒྱན་༤༡༧ ཐོབ་ནུག།
དེ་ལས་ སངས་རྒྱ་རྡོ་རྗེ་གིས་ ཚོགས་རྒྱན་འཕྲུལ་ཆས་ལས་༥༠༤ དང་ འགྲེམ་ཐོག་ཚོགས་རྒྱན་༣༦༦ དང་ བསོད་ནམས་ལས་སྐྱིད་ཀྱིས་ ཚོགས་རྒྱན་འཕྲུལ་ཆས་༡,༡༡༦ དང་ འགྲེམ་ཐོག་ཚོགས་རྒྱན་༧༧༨ ལས་བརྒལ་ ཐོབ་མ་ཚུགས་པས།
གཞལམ་སྒང་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་སའི་ ས་གོ་༤༠ ཡོད་པའི་གྲས་ལས་ པདྨ་གྲགས་པ་གིས་ ཚོགས་རྒྱན་བཙུགས་སའི་ས་གོ་༡༣ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་ལུ་ སོ་ནམ་ནང་ བཟོ་རིག་གི་ མཐོ་རིམ་ཤེས་ཚད་ཡོད་པའི་ཁར་ ཚན་རིག་བཞེས་སྒོ་འཕྲུལ་རིག་ནང་ གཙུག་ལག་ཤེས་ཡོན་ཡོདཔ་ཨིན་པས།
ཁོ་གིས་ ཁོ་ལུ་ གཞལམ་སྒང་མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་ཐོག་ལས་ བཙག་འཐུ་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཚུ་ བཤད་ཡོདཔ་བཞིན་དུ་ ཁེངས་རིག་རྣམ་གསུམ་གྱི་ མི་སེར་ཚུ་གིས་ ལོ་༥ འི་རིང་ལུ་ ལཱ་འབད་མི་དེ་ ལེགས་ཤོམ་སྦེ་ར་ ཧ་གོ་ནུག་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ བསོད་ནམས་སྒྲོལ་མ་གིས་ མོ་རའི་ ཨ་ལོ་ཟླཝ་༩ ལང་མི་ སྒལ་ཏོག་ཁར་འབག་ཐོག་ལས་ གཞལམ་སྒང་སློབ་གྲྭ་ལྟེ་བའི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་འོང་ནུག།
མོ་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་ནི་ གོ་སྐབས་དེ་ ལོ་༥ འི་ཤུལ་ལས་མ་གཏོགས་ འཐོབ་ནི་མེདཔ་ལས་ ཁྱིམ་ནང་ལཱ་ལེ་ཤ་ཡོད་རུང་ རྒྱབ་ཁར་བཞག་སྟེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༧༠ ལང་མི་ དངོས་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ཡང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ མི་མང་རྩོད་བསྡུར་ འབད་བའི་ཤུལ་ལས་རྐྱངམ་གཅིག་ ངོ་ཤེས་ཚུགས་ཅི་ཟེར་ཨིན་པས།
ཀྲོང་ལས་ཨིན་མི་ དངོས་གྲུབ་ཀྱིས་ ད་རེས་འབདཝ་ད་ ཚོགས་རྒྱན་ཐེངས་༣ བཙུགས་དོ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༨,༣༩༦ ཡོད་མིའི་གྲས་ལས་༨,༨༠༢ བརྒལ་ ཚོགས་རྒྱན་བཙུགས་པར་ མ་འོངས་མི་ཚུ་ཡང་ ཚོགས་རྒྱན་འཕྲུལ་ཆས་ཐོག་༥,༣༦༩ དང་ འགྲེམ་ཐོག་ཚོགས་རྒྱན་༣,༤༣༣ ཡོདཔ་བཞིན་དུ་ ཕོ་སྐྱེས་༢,༤༤༡ དང་ ཨམ་སྲུ་༢,༩༢༨ དེ་ཅིག་ ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་༣,༤༣༣ ངོས་ལེན་འབད་ཡོདཔ་བཞིན་དུ་༢༥༤ ཆ་མེད་བཏང་ཡོདཔ་ད་ གཞལམ་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ ཚོགས་རྒྱན་བཙུགས་མི་༤,༨༣༥ ཐོ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།
གཞལམ་སྒང་ལས་ ཨོ་རྒྱན་རྡོ་རྗེ།