ཁྲིམས་སྲུང་འགག་པ་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཚུ་ འབག་འགྱོ་བའི་བསྒང་།

གཞལམ་སྒང་གིས་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ གྲ་སྒྲིག་ཡོདཔ།

རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བཙག་འཐུ་འབད་ནི་ལུ་ ཉིནམ་དག་པ་ཅིག་ལས་མེད་ནི་དེ་གིས་ གཞལམ་སྒང་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ གྲ་སྒྲིག་སོང་སྟེ་འདུག།

གཞལམ་སྒང་རྫོང་ཁག་ནང་ ས་གནས་མང་ཤོས་ར་ ཉིནམ་ལས་བཅད་དེ་ འགྱོ་དགོ་པའི་ས་གནས་ཚུ་ ཡོད་མི་ལུ་བརྟེན་ ཁ་ཙ་ དྲོ་པའི་ཆུ་ཚོད་༦ ལས་ འགོ་བཙུགས་ཏེ་ བཙག་འཐུ་ནང་ གྲལ་གཏོགས་འབད་མི་ འགོ་དཔོན་ཚུ་ རང་སོའི་བཙག་འཐུའི་ས་ཁོངས་ཚུ་ནང་ འགྱོ་ནི་འགོ་བཙུགས་ཅི།

འགོ་དཔོན་ཚུ་ལུ་ ངོས་ལེན་འགོ་དཔོན་ཚུ་གིས་ པཱན་སྦང་བསོ་ནམས་ཐང་སློབ་གྲྭ་ལྟེ་བ་དང་ གཞལམ་སྒང་རྫོང་ཁག་གི་ ངོས་ལེན་འགོ་དཔོན་གྱི་ཡིག་ཚང་ནང་ ཉིན་གྲངས་༢ ཀྱི་རིང་ བཙག་འཐུའི་ཁ་གསོ་སློབ་སྦྱོང་ཚུ་ཡང་ བྱིན་ཡོདཔ་ཨིན་པས།

གཞལམ་སྒང་རྫོང་ཁག་ནང་ བཙག་འཐུའི་དོན་ལུ་ སྲུང་སྐྱོབ་མ་བརྩིས་བར་ འགོ་དཔོན་༢༤༠ དེ་ཅིག་ བཙག་འཐུའི་ས་ཁོངས་ཚུ་ནང་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ བཙག་འཐུའི་ས་ཁོངས་ཚུ་ཡང་ ཁེངས་སྟོད་དང་སྨད་བསྡོམས་ཏེ་ ས་ཁོངས་༤༠ དེ་ཅིག་ ངོས་འཛིན་འབད་དེ་འདུག།

ངོས་ལེན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཙག་འཐུ་ནང་ གྲལ་གཏོགས་འབད་མི་ འགོ་དཔོན་ཚུ་ཡང་ ད་རིས་ ཆད་ལུས་མེད་པར་ ལྷོད་དགོཔ་ལས་ ཉེ་འདབས་ལུ་ཡོད་པའི་ བཙག་འཐུའི་ས་ཁོངས་ཚུ་ནང་ བགོ་བཀྲམ་འབད་མི་ འགོ་དཔོན་ཚུ་ཡང་ ད་རིས་ དྲོ་པར་གཏང་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བཙག་འཐུ་འཕྲུལ་ཆས་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཞིབ་དཔྱད་འབད་ཐོག་ལས་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ གལ་སྲིད་ མེདཔ་ཐལ་སོ་པ་ཅིན་ སོར་ཚབ་འབད་ནིའི་དོན་ལུ་ འཕྲུལ་ཆས་ཐེབས་ཚུ་ཡང་ བཏང་སྟེ་ཡོད་ཟེར་ཨིན་པས།

འདེམས་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་མང་ཤོས་ཀྱིས་ར་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ བཙག་འཐུ་ནང་ འོང་ནིའི་རེ་བ་བསྐྱེད་དོ་ཟེར་ ངོས་ལེན་འགོ་དཔོན་ཚུ་གིས་ བཤད་ཅི།

ཁོ་གིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་འགོ་འདྲེན་འཐབ་པའི་ནམ་དུས་ལུ་ འཕྲུལ་ཆས་ཚུ་ལུ་ དཀའ་ངལ་རེ་ འབྱུང་པ་ཅིན་ དེ་འཕྲོ་ལས་ འཕྲུལ་ཆས་ཚུ་ འབག་འགྱོ་ནིའི་དོན་ལུ་ སྣུམ་འཁོར་ཚུ་ཡང་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ བརྒྱུད་འཕྲིན་གྱི་ ཞབས་ཏོག་བདའ་ཟུན་མ་ཚུགས་པའི་ ས་ཁོངས་ཚུ་ནང་ ཚོགས་རྒྱན་གྱི་ གྲུབ་འབྲས་བརྗེ་སོར་འབད་ནིའི་དོན་ལུ་ སྲུང་སྐྱོབ་ཀྱི་ ལག་འཛིན་འཕྲུལ་ཆས་ཐོག་ལས་ འབད་ནི་ལུ་ བདེ་སྒྲིག་འབད་དེ་ཡོད་ཟེར་ ངོས་ལེན་འགོ་དཔོན་གྱིས་ བཤད་ཅི།

སྤྱི་ཟླ་༤ པའི་ཚེས་༡༢ ལས་༡༣ ཚུན་ བཙག་འཐུའི་ལྷན་ཐབས་ས་ཁོངས་ཚུ་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་པའི་སྐབས་ གཞལམ་སྒང་རྫོང་ཁག་ནང་ མི་གྲངས་༩༡༧ ཡོད་ས་ལས་༦༨༨ ཀྱིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ དེ་ཡང་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༧༥ ཨིན་པས།

གཞལམ་སྒང་རྫོང་ཁག་ནང་ རྒེད་འོག་༨ ཡོད་མིའི་གྲས་ལས་ བར་དོ་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢,༧༩༥ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དམའ་ཤོས་ར་ འབྱོག་དཀར་རྒེད་འོག་ནང་༡,༢༥༠ ཡོདཔ་བཞིན་དུ་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༡༨,༣༩༦ ཡོདཔ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *