གཞན་གྱི་སྣུམ་འཁོར་དང་འཕྲུལ་ཆས་བཙོང་མི་ ཕོ་སྐྱེས་༡ ལུ་ ཉེས་འཛུགས་ཁག་མ་འདྲཝ་བཀོད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༢༩ ལང་མི་ དེད་གཡོགཔ་ཅིག་གིས་ གཞན་གྱི་སྣུམ་འཁོར་ཚུ་ ཁྲིམས་འགེལ་ཐོག་ལས་ བཙོང་མི་དང་ ཟ་ཁང་ཚུ་ནང་སྡོད་དེ་ ཁང་གླ་མ་སྤྲོད་པར་ བྱོག་སོང་བའི་རྩོད་བཤེར་དེ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
ཉེས་འཛུགས་བཀོད་མི་དང་འཁྲིལཝ་ད་ ཐིམ་ཁྲོམ་ བདེ་གླིང་གྲོང་སྟོད་ལས་ཨིན་མི་ ཉེས་འཛུགས་ཅན་ པདྨ་རྡོ་རྗེ་གིས་ གཞན་གྱི་སྣུམ་འཁོར་ཆེ་བ་ ཊི་པར་ཊཱག་༢ དང་ ས་རྐོ་འཕྲུལ་ཆས་ཀྱི་ལྕགས་རྡོབ་༢ ཇོ་བདག་ཚུ་གིས་ མ་ཤེསཔ་སྦེ་ བཙོང་ཡོད་པའི་ཁར་ ཕུན་ཚོགས་གླིང་གི་ ཟ་ཚང་དག་པ་ཅིག་ནང་སྡོད་པའི་ཤུལ་ལས་ ཁང་གླ་མ་སྤྲོད་པར་ བྱོག་སོང་ནུག་ཟེར་ཨིན་པས།
བྱ་ངན་ཚུའི་གྲས་ལས་ དུས་ཅི་སྤྱི་ཟླ་༨ པའི་ཚེས་༣༠ གི་ཕྱི་རུ་ ཁོ་གིས་ངོ་ཤེས་མི་ སྣུམ་འཁོར་དེད་གཡོགཔ་ བསོད་ནམས་སྟོབས་རྒྱས་ཟེར་མི་ལས་ ཁོ་ར་ ཕྱི་རུ་ཞག་སྡོད་ས་མིན་འདུག་ཟེར་སླབ་སྟེ་ སྣུམ་འཁོར་དེ་ནང་ ཉལ་ནིའི་དོན་ལུ་ སྣུམ་འཁོར་གྱི་ལྡེ་མིག་ ལེན་འབག་པའི་ཤུལ་ལས་ སྣུམ་འཁོར་དེ་ ས་གནས་ཏཱུར་ས་ལུ་ཡོད་མི་ རོ་བཱིན་ཚོང་ཁང་ནང་ལཱ་འབད་མི་ རྒྱ་གར་གྱི་མི་ངོམ་ རཱ་ཤུ་བིསི་ཝ་ཟེར་མི་ལུ་ དངུལ་ཀྲམ་འབུམ་༡ སྦེ་ བཙོང་ཡོདཔ་ཨིན་པས།
སྣུམ་འཁོར་དེ་ ལམ་འགྲུལ་ཉེན་སྲུང་དང་བསྐྱལ་འདྲེན་དབང་འཛིན་གྱིས་གནས་གོང་ དངུལ་ཀྲམ་༡༣,༠༦,༩༢༡ ལུ་བཞག་ཡོདཔ་ལས་ ཉེས་འཛུགས་ཅན་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མ་དང་འཁྲིལཝ་ད་ དབྱེ་རིམ་༤ པའི་ཉེས་ཆེན་ མཐོ་ཤོས་ལོ་༥ དང་དམའ་ཤོས་ལོ་༣ བཀལ་དགོ་པའི་ ཉེས་འཛུགས་འབད་ནུག།
ཁོ་གིས་ད་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱལ་འདྲེན་དབང་འཛིན་གྱིས་ གནས་གོང་དངུལ་ཀྲམ་༦༡༠,༩༦༢ གནས་པའི་ ཊི་པར་ཊཱག་ཅིག་ ཕུན་ཚོགས་གླིང་ལུ་བདའ་སོང་སྟེ་ དངུལ་ཀྲམ་༢༠༠,༠༠༠ དང་ ས་རྐོ་འཕྲུལ་ཆས་ཀྱི་ལྕགས་རྡོབ་༢ པོ་དེ་ཡང་ ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་༥༠,༠༠༠ སྦེ་ བཙོང་ཡོད་མི་དེ་ཡང་ ཉེས་འགེལ་ཁྲིམས་དེབ་དེ་དང་འཁྲིལ་ ཉེས་ཕྲའི་ཉེས་ཁྲིམས་ མཐོ་ཤོས་ལོ་༣ ལས་དམའ་ཤོས་ལོ་༡ བཀལ་དགོ་པའི་ ཉེས་འཛུགས་འབད་ནུག།
ཁོ་གིས་ སྣུམ་འཁོར་དེ་དང་ ལྕགས་རྡོབ་༢ བཙོང་ནིའི་དོན་ལུ་ གན་རྒྱ་བཟོ་བའི་སྐབས་ བི་དི་མཱན་ད་མའི་གི་ མིང་རྟགས་རྫུས་མ་བཟོ་སྟེ་ བཙོང་མི་ལུ་བརྟེན་ ཉེས་ལས་དེ་ཡང་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༢༩༦ པའི་ ག་པ་དང་འཁྲིལ་ དབྱེ་རིམ་བཞི་པའི་ཉེས་ཁྲིམས་ མཐོ་ཤོས་ལོ་༣ དང་ དམའ་ཤོས་ལོ་༡ གི་བར་ན་ ཉེས་ཁྲིམས་བཀལ་དགོ་པའི་ ཞུ་བ་འབད་ནུག།
དེ་ལས་ ཉེས་འཛུགས་ཅན་གྱིས་ ཕུན་ཚོགས་གླིང་གི་ཟ་ཁང་༨ ནང་ མིང་སོ་སོར་བྱིན་ཏེ་ སྡོད་པའི་ཤུལ་ལས་ དངུལ་ཀྲམ་༡༠༩,༨༣༩ དེ་ཅིག་ མ་སྤྲོད་པར་བྱོག་སོང་ཡོདཔ་ལས་ དེ་ལུ་ད་རུང་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ མཐོ་ཤོས་ལོ་༡ ལས་དམའ་ཤོས་ལོ་༡ གི་བར་ན་ བཀལ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
སྣུམ་འཁོར་༢ དང་ ས་རྐོ་ལྕགས་རྡོབ་༢ ལོག་ཐོབ་སྟེ་ རང་སོའི་ཇོ་བདག་ཚུ་ལུ་ ལོག་སྤྲོད་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཟ་ཁང་ཚུ་ནང་སྡོད་དེ་ ཁང་གླ་མ་སྤྲོད་མི་ དངུལ་ཀྲམ་༡༠༩,༨༣༩ དེ་ སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ཁོ་གིས་ སྣུམ་འཁོར་ཊི་པར་ཊཱག་༢ བཙོང་པའི་སྐབས་ ཁོ་ར་ དེད་གཡོགཔ་སྦེ་སྡོད་ཡོད་པའི་ཁར་ བྱ་ངན་དེ་ཡང་ སྣུམ་འཁོར་གྱི་ཇོ་བདག་ ནོར་བུ་ཚེ་རིང་གིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ཁོ་རའི་སྣུམ་འཁོར་དང་དེད་གཡོགཔ་དེ་ གར་སོང་མེད་པར་ བྱང་ཡོད་པའི་སྐོར་ལས་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
བྱ་ངན་བྱུང་པའི་སྐབས་ སྣུམ་འཁོར་དེ་ གཞལམ་སྒང་ལས་ ལྕགས་རྡོབ་༢ འབག་སྟེ་ ཕུན་ཚོགས་གླིང་ལུ་ བཅོ་ཁ་རྐྱབ་པར་འགྱོ་བའི་ཤུལ་ལས་ ཏཱུར་ས་ལུ་ཡོད་མི་ རོ་བཱིན་ཚོང་ལས་དང་ རག་རོག་བསྡུ་ལེན་འབད་མི་ནང་ལྷོདཔ་ད་ ཁོ་གིས་ སྣུམ་འཁོར་གྱི་ཇོ་བདག་དེ་ ཚེ་ལས་འདས་སོཔ་ལས་ ཨམ་སྲུ་གིས་ བཙོང་རུང་ཁེ་མེད་པའི་ ཉོགས་བཤད་ཡི་གུ་བྱིན་ཏེ་ཡོད་ཟེར་ ཡི་གུ་རྫུས་མ་བཟོ་སྟེ་ བཙོང་ཡོདཔ་ཨིན་པས།
ཇོ་བདག་དེ་གིས་ སྣུམ་འཁོར་དེ་ ངོ་མིང་བུ་དི་མཱན་ ད་མའི་ལས་ ཉོ་ཡོདཔ་ལས་ སྣུམ་འཁོར་གྱི་ཇོ་བདག་དེ་ ཁོ་གི་མིང་ཐོ་ཁར་ཡོདཔ་ལས་ བཙོང་ནིའི་དོན་ལུ་ ད་རུང་ མི་ངོམ་དེ་གི་ མིང་རྟགས་རྫུས་མ་བཟོ་སྟེ་ གན་ཡིག་བཟོ་ཡོདཔ་ཨིན་པས།
ཁོ་ལུ་ཉེས་འཛུགས་འབད་མི་ཚུ་ག་ར་ སྣུམ་འཁོར་དང་ ལྕགས་རྡོབ་ཀྱི་ རིན་ཐང་དང་བསྟུན་ ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *