གཙོ་བསྟེན་སྨན་ཁང་ནང་ ནདཔ་ཚུ་ལུ་ ངོས་ལེན་ལེགས་ཤོམ་མེད་པའི་བརྡ་མཚོན།

༉ རྒྱལ་ཁབ་ཀྱི་འགྱུར་བ་དང་བསྟུན་ གོང་འཕེལ་ཡང་ ཧེ་མ་དང་ མ་འདྲཝ་འབད་ར་ སོང་སྟེ་ཡོདཔ་ཨིན།
ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ནང་ མི་རློབས་ཉུང་སུ་ཅིག་ལས་ བརྒལ་མེད་པའི་ཁར་ ཤེས་ཡོན་ཅན་ཡང་ དག་པ་ཅིག་མ་གཏོགས་མེད་མི་ལུ་བརྟེན་ གསོ་བའི་ཁ་ཐུག་ལས་ ཕྱིའི་དྲུང་འཚོ་མཁས་མཆོག་ཚུ་ རྒྱལ་ཁབ་ནང་ ལེན་ཐོག་ལས་ སྨན་བཅོས་ཀྱི་ ཞབས་ཏོག་མ་བཏུབ་བཏུབ་སྦེ་ མཁོ་སྤྲོད་འབད་དེ་སྡོད་ནུག།
ཨིན་རུང་ འདས་པའི་ལོ་ངོ་བཅུ་ཕྲག་ལས་ཚུར་ ནང་འཁོད་ཀྱི་ ན་གཞོན་ཚུ་གིས་ ཤེས་ཡོན་ལུ་ སྦྱང་བརྩོན་འབད་དེ་ རང་མགོ་རང་འདྲོངས་བཟོ་དོན་ལུ་ དྲུང་འཚོ་གི་ སློབ་སྦྱོང་མཐར་ཕྱིན་པའི་ཤུལ་ལུ་ མི་སེར་དང་ གཞུང་ལུ་ཕྱག་ཕྱིད་ཞུ་སར་མཐོངམ་ད་ ག་ར་སེམས་དགའ་པའི་ གཞི་ཅིག་ཨིན་མས།
ནང་འཁོད་ཀྱི་ ན་གཞོན་རིག་རྩལ་ཅན་ཚུ་གིས་ ཕྱི་རྒྱལ་ལས་ སློབ་སྦྱོང་ཚུ་ མ་བཏུབ་བཏུབ་སྦེ་ སྦྱང་བརྩོན་འབད་བའི་ཤུལ་ལུ་ གསོ་བའི་ལས་ཁུངས་ནང་ ཞབས་ཏོག་ཞུ་བའི་སྐབས་ སྤྱིར་བཏང་མི་སེར་གྱི་ ཁ་ཐུག་ལས་ རེ་བ་སྦོམ་བསྐྱེད་དེ་འབད་རུང་ རེ་འདོད་ལྟར་དུ་ རེ་བ་བསྐོང་མ་ཚུགས་པའི་ དཀའ་ངལ་ཐོན་བཞིན་དུ་ར་འདུག།
ག་འཆརཔ་ཟེར་བ་ཅིན་ ནདཔ་ཚུ་ རེ་འདོད་སྦོམ་བསྐྱེད་དེ་ རང་གི་ན་ཚ་ དྲག་ཐབས་ལུ་དམིགས་ཏེ་ གྲོང་གསེབ་ཀྱི་ གཞི་རྟེན་སྨན་ཁང་ལས་བརྒྱུད་དེ་ འབྲིང་རིམ་སྨན་ཁང་དང་ གཙོ་བསྟེན་སྨན་ཁང་ཚུ་ནང་འོངམ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ལྷོད་ཚུགས་ནི་ལུ་ ཧ་ལམ་ ཟླཝ་ལས་བཅད་དེ་ འགོར་དོ་ཡོད་པའི་ ལོ་རྒྱས་བཤདཔ་ཨིན་མས།
འདི་བཟུམ་ཡུན་འགྱངས་སྦེ་ སྡོད་པའི་ཤུལ་ལུ་ མཐའན་མཇུག་ཁར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལྷོདཔ་ད་ སྨན་བཅོས་ཀྱི་ ཞིབ་དཔྱད་འབད་མི་དེ་ ཕྱི་རྒྱལ་ལས་ ཤེས་ཡོན་མཐར་འཁྱོལཝ་ཅིག་ གནས་སྐབས་ཀྱི་ དྲུང་འཚོ་སྦེ་ བསྐོ་བཞག་འབད་མི་ཚུ་ཨིན་མས།
འབྲིང་རིམ་སྨན་ཁང་ནང་ཡོད་པའི་ དྲུང་འཚོ་ཚུ་ ཧ་ལམ་ ལོ་ངོ་༧ དང་༨ ཀྱི་ཉམས་མྱོང་ཡོད་མི་གིས་ ནད་གཞི་དེ་ གཏན་འཁེལ་སྦེ་ ངོས་འཛིན་འབད་མ་ཚུགས་མི་ལུ་བརྟེན་ གཙོ་བསྟེན་སྨན་ཁང་ནང་བཏངམ་ད་ གཙོ་བསྟེན་སྨན་ཁང་གི་ ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་སྦེ་ མ་འབད་བར་ སྤྱིར་བཏང་གི་ འགྲོ་ལུགས་བཟུམ་ཅིག་སྦེ་ གཞི་རྟེན་སྨན་ཁང་དང་ འབྲིང་རིམ་སྨན་ཁང་གིས་བསྐྱལ་མི་ ཡིག་ཆ་འདི་ལུ་ ཞིབ་དཔྱད་མ་འབད་བར་ དེ་འཕྲོ་ལས་ གཙོ་བསྟེན་སྨན་ཁང་གི་ ཡིག་ཆ་གསརཔ་བཟོ་བཅུག་ཐོག་ལས་ ནདཔ་འདི་ ལོག་སྟེ་ར་ ཞིབ་དཔྱད་འབད་ནི་ འགོ་བཙུགས་མི་གིས་ ད་རུང་ སྨན་དག་པ་རེ་ཟ་ཐོག་ལས་ བདུན་ཕྲག་ལས་བཅད་དེ་ སྡོད་དགོཔ་བྱུངམ་ཨིན་མས།
བདུན་ཕྲག་ཅིག་གི་རྒྱབ་ལས་ ལོ་རྒྱུས་ཚུ་དྲི་ཞིནམ་ལས་ ད་རུང་ སྨན་སོར་བྱིན་ཐོག་ལས་ བདུན་ཕྲག་སྦེ་ བཞག་པའི་བསྒང་ལས་ ནདཔ་དེ་ དྲག་ནི་མེན་པར་ སྨན་གྱི་བརྟག་དཔྱད་འབད་ནི་བཟུམ་ཅིག་ལུ་ འགྱུརཝ་མ་ཚད་ མཐའན་མཇུག་ཁར་ ནད་གཞི་ངོས་འཛིན་འབད་བའི་བསྒང་ལས་ ཧེ་མ་ལས་ སྨན་ཁང་ནང་ མ་འོང་མི་ལུ་བརྟེན་ ཕྱིས་སོ་ནུག་ཟེར་སླབ་སྟེ་ ཁ་ཉེས་དེ་ག་ར་ ནདཔ་ཁོང་ར་ལུ་ བཀལ་བཞག་སར་ དུས་དང་དུས་སུ་ར་མཐོངམ་མས།
སྤྱིར་བཏང་ནདཔ་དེ་གིས་ གཟུགས་ཁ་ལུ་ ནད་གཞི་ཟུན་པའི་ ཉིནམ་ལས་ར་འགོ་བཙུགས་ སྨན་ཁང་ནང་སོང་སྟེ་འབད་རུང་ སྨན་ཁང་ལས་ སྨན་ཁང་བརྒྱུད་དགོ་པའི་ཁར་ གཙོ་བསྟེན་སྨན་ཁང་གི་ ངོས་ལེན་ལེགས་ཤོམ་མེད་མི་གིས་ ནདཔ་དེ་ ཚེ་སྲོག་ལུ་བར་ཆད་བྱུང་མིའི་ རྒྱུ་ངོ་མ་ཅིག་སྦེ་ གནས་ཏེ་འདུག།
འདི་འབདཝ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ འདི་བཟུམ་མའི་ དཀའ་ངལ་སེལ་ཐབས་ལུ་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བརྩམས་ཏེ་མ་འབད་བ་ཅིན་ དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ འཐོན་ནིའི་ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།

༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *