གསོ་བ་བློན་པོ་གིས་ བརྟག་དཔྱད་འཕྲུལ་ཆས་འགོ་འབྱེད་འབད་བའི་བསྒང་།

གཙོ་བསྟེན་སྨན་ཁང་གི་ མཁས་མཆོག་གིས་ ལ་ཡ་གི་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ལུ་ བརྟག་དཔྱད་འབད་ཚུགས་ནི།

༉ མགར་ས་རྫོང་ཁག་ ལ་ཡ་གི་ ཨམ་སྲུ་ཨ་ལོ་ སྐྱེ་ནི་ཡོད་མི་ཚུ་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ཐོབ་མི་ ཨའི་དང་ ཨ་ལོའི་མཁས་མཆོག་གི་ གསོ་བའི་ཞབས་ཏོག་ཚུ་ འཐོབ་ཚུགས་ནི་ཨིན་པས།

དེ་ཡང་ གཅིག་སྒྲིལ་ ཀར་ཌི་འོ་ཊོ་ཀོ་ག་ར་ཕེ་(iCTCG) ཟེར་མི་ འཕྲུལ་ཆས་ཅིག་ གཞི་བཙུགས་འབད་མི་གིས་ ཡོངས་འབྲེལ་ཐོག་ལས་ ལག་ལེན་འཐབ་བཏུབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་མཁས་མཆོག་ཚུ་གིས་ འཕྲུལ་ཆས་ལག་ལེན་ཐོག་ལས་ ཐག་རིང་ས་ལུ་སྡོད་མི་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་ཚུ་ བརྟག་དཔྱད་འབད་ཚུགས་ནི་ཨིན་པས།

ཞབས་ཏོག་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ མགར་ས་ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལས་རིམ་ནང་ གསོ་བ་བློན་པོ་ བདེ་ཆེ་དབང་མོ་དང་ ཇའི་ཀ་གི་ གནས་བཞུགས་སྐུ་ཚབ་ ཊོ་མོ་ཡུ་ཀི་ཡ་མ་ཌ་ དེ་ལས་ འབྲུག་ལུ་ འཛམ་གླིང་གོང་འཕེལ་དངུལ་ཁང་གི་ གནས་བཞུགས་སྐུ་ཚབ་ ཁུར་ཤིཊ་ཨ་ལམ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

འཕྲུལ་ཆས་དེ་ལུ་བརྟེན་ ད་ལས་ཕར་ ཨམ་སྲུ་ཚུ་ ལཱ་ཁག་སྦེ་ མཐུན་རྐྱེན་ཡོད་པའི་ སྨན་ཁང་ཚུ་ནང་ འགྱོ་མ་དགོ་པར་ ཡོངས་འབྲེལ་ཐོག་ལས་ མཁས་མཆོག་གི་ ཞབས་ཏོག་འཐོབ་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།

འཕྲུལ་ཆས་དེ་གིས་ ནད་གཞི་ཚུ་ དུས་ཚོད་ཁར་ ངོས་འཛིན་འབད་དེ་ ཞབས་ཏོག་བྱིན་ཚུགས་ནི་དང་ གལ་སྲིད་ མངལ་འབྲུམ་ནང་ སྟབས་མ་བདེཝ་རེ་ ཡོད་པ་ཅིན་ དུས་ཚོད་ཁར་ སྨན་ཁང་སྦོམ་ཚུ་ནང་ བསྐྱལ་ནི་ལུ་ཡང་ ཁེ་ཕན་བྱུང་ཚུགས་ནི་ཨིན་པས།

འཕྲུལ་ཆས་དེ་ འཛམ་གླིང་གོང་འཕེལ་ལས་རིམ་དང་ ཇའི་ཀ་གཉིས་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ འཕྲུལ་ཆས་རེའི་ གོང་ཚད་ཡང་ དངུལ་ཀྲམ་ས་ཡ་༠.༦ དེ་རེ་ཨིན་པས།

ལས་རིམ་དེ་ གསོ་བ་བློན་པོ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ སྨན་ཁང་ནང་ མི་སྟོབས་དང་ ཌོག་ཊར་མཁས་མཆོག་ཚུ་ ལངམ་སྦེ་མེདཔ་ལས་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨ་ལོ་ཚུ་ལུ་ མཁས་རིག་གི་ ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ལས་རིམ་དེ་ལུ་བརྟེན་ གཞུང་གིས་ དགོས་མཁོ་ཅན་གྱི་ གསོ་བའི་ཞབས་ཏོག་ཚུ་ འདྲ་མཉམ་སྦེ་ བྱིན་ནིའི་ དམིགས་ཡུལ་གྲུབ་འབྲས་ལུ་ ལྷན་ཐབས་འབད་ཚུགས་ཟེར་ བློན་པོ་གིས་ བཤད་ཅི།

མོ་གིས་འབད་བ་ཅིན་ མཐའ་ཟུར་ནང་ སྡོད་མི་ཚུ་གིས་ ཞབས་ཏོག་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ ལེན་དགོཔ་ད་ ཞབས་ཏོག་དེ་ ལེགས་ཤོམ་སྦེ་ ལེན་པ་ཅིན་ མཐའན་མཇུག་ལུ་ ཨ་ལོ་སྐྱེ་ནི་དང་འབྲེལ་བའི་ དཀའ་ངལ་ཚུ་ མི་བྱུང་ཟེར་ཨིན་པས།

ཨའི་དང་ཨ་ལོ་ཚུ་ལུ་ གསོ་བའི་ཞབས་ཏོག་ ཡོངས་རྫོགས་དང་ སྤུས་ཚད་ཅན་སྦེ་ བྱིན་ནི་དེ་ རྒྱལ་ཡོངས་ཀྱི་གཙོ་རིམ་ཨིནམ་ལས་ ཨམ་སྲུ་ག་ར་གིས་ ཨ་ལོ་ཆགས་པའི་སྐབས་ གསོ་བའི་ཞབས་ཏོག་ལེན་དགོ་ཟེར་ཨིན་པས།

ས་ཆའི་གནས་སྟངས་དང་ སྐྱེལ་འདྲེན་ཞབས་ཏོག་  གསོ་བའི་མཐུན་རྐྱེན་ཚད་གཅིག་ལས་བརྒལ་མེད་མི་ མཁས་མཆོག་གི་ གནས་སྟངས་ནང་ མི་སྟོབས་མ་ལང་མི་ ཨ་ལོ་ཆགས་པའི་སྐབས་དང་ ཨ་ལོ་སྐྱེ་བའི་སྐབས་ དུས་ཚོད་ཁར་ བར་འཛུལ་འབད་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ ཡོདཔ་ཨིན་པས།

ཡོངས་འབྲེལ་ཐོག་གི་ ཞབས་ཏོག་དེ་ གསོ་བའི་ཞབས་ཏོག་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ གཞི་བཙུགས་འབད་འབདཝ་ཨིན་པས།

གསོ་བ་བློན་པོ་དང་ བྱང་ཐིམ་ཕུག་གི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ འཕྲལ་མགྱོགས་ར་ ད་རུང་ འཕྲུལ་ཆས་༢༠ དེ་ཅིག་ མཁོ་སྒྲུབ་འབད་དེ་ བགོ་བཀྲམ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *