གཙང་སྦྲ་འཕྲོད་བསྟེན་ བདག་འཛིན་འཐབ་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་སྡེ་དང་ གྲོང་གསེབ་གཡུས་ཚན་ཚུ་ནང་ གཙང་སྦྲ་དང་གཟུགས་ཁམས་འཕྲོད་བསྟེན་གྱི་སྐོར་ལས་ གོ་བརྡ་སྤྲོདཔ་མ་ཚད་ ལས་རིམ་ཚུ་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་༡ ལྷགཔ་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ དཀའ་ངལ་སེལ་ཐབས་འབད་མ་ཚུགས་པའི་ མངོན་གསལ་བྱུངམ་ཨིན་མས།
ད་ལྟོ་ རྒྱལ་ཁབ་ནང་ གཙང་སྦྲ་དང་གཟུགས་ཁམས་འཕྲོད་བསྟེན་གྱི་ གནས་སྟངས་བརྟག་ཞིབ་འབད་ལྟཝ་ད་ རྫོང་ཁག་༡༠ གྱི་ རྒེད་འོག་༨༠ ནང་ ཆུ་བཤལ་རྐྱབ་བཏུབ་པའི་ གསང་སྤྱོད་ཚུ་ ལག་ལེན་འཐབ་སྟེ་ཡོད་པའི་ ངོས་འཛིན་བྱུང་ནུག།
སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ རྩི་རང་ལུ་སྦེ་ འཛམ་གླིང་གསང་སྤྱོད་ཀྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ ད་ལྟོ་ གཙང་སྦྲ་འཕྲོད་བསྟེན་གྱི་གནས་སྟངས་ ག་དེམ་ཅིག་ལུ་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་འབད་དགོཔ་ཡོདཔ་ཨིན་ནའི་ ཤེས་རྟོགས་བྱུང་ཡོདཔ་ད་ རྫོང་ཁག་༩ གི་ རྒེད་འོག་༤༡ ནང་ མི་ཚུ་གིས་ ས་གོ་སྟོངམ་ག་ལྷོད་ ཆབ་གསང་འབད་དོ་ཡོདཔ་ཨིན་མས།
མ་གཞི་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ གཙང་སྦྲ་འཕྲོད་བསྟེན་གྱི་ཐད་ཁར་ ལེགས་བཅོས་སྦོམ་སྦེ་ར་ སོང་ཡོདཔ་བཞིན་དུ་ ད་རུང་ འབད་དགོཔ་ལེ་ཤ་འདུག།
བསམ་གྲུབ་ལྗོངས་མཁར་དང་ མོང་སྒར་གྱིས་ གཙང་སྦྲ་འཕྲོད་བསྟེན་གྱི་ གནད་དོན་ནང་ བརྒྱ་ཆ་༡༠༠ གྲུབ་འབྲས་བྱུང་ཡོདཔ་ཨིན་རུང་ རྫོང་ཁག་ལ་ལོ་ཅིག་ རྒྱབ་ཁར་ལུས་ཡོདཔ་ཨིན་མས།
ང་བཅས་ར་ མི་སྡེ་བསྒྱུར་བཅོས་འགྱོ་བའི་བསྒང་ལས་ མི་གི་བསམ་སྤྱོད་ཡང་ དེ་དང་བསྟུན་ཏེ་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ལས་ ས་སྟོང་བསུབ་ནིའི་དོན་ལུ་ གཞུང་གིས་ གྲོགས་རམ་དང་ རྒྱབ་སྐྱོར་དུམ་གྲ་རེ་འབད་བ་ཅིན་ དེ་གིས་ ཕན་ཁྱད་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིན་མས།
ད་རེས་ གཙང་སྦྲ་འཕྲོད་བསྟེན་ནང་ གྲུབ་འབྲས་ལེགས་ཐོན་བྱུང་མི་དེ་ཡང་ གཙོ་བོ་ར་ མི་སྡེ་གིས་ གྲལ་གཏོགས་གང་མང་འབད་མི་ལུ་བརྟེན་ཨིནམ་ད་ གཞུང་གིས་བར་འབྲེལ་འཐབ་ནི་དེ་ཡང་ གལ་ཆེཝ་བཞིན་དུ་ ཕྱི་ཁའི་ ངོ་ཚབ་ལས་སྡེ་ཚུ་གིས་ མཉམ་འབྲེལ་དང་ གྲོགས་རམ་འབད་མི་ཚུ་ཡང་ ང་བཅས་ར་ ངོས་འཛིན་འབད་དགོཔ་འདུག།
དཔེ་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སི་ཨེཕ་དང་ ནི་དར་ལེནསི་ཁས་བླངས་སྡེ་ཚན་ ཨེས་ཨེན་བི་ ངོ་ཚབ་ལས་སྡེ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སྡེ་ཚུ་ནང་ ལགཔ་འཁྱུ་ཐངས་ཀྱི་ ལམ་སྟོན་རྒྱབ་སྐྱོར་དང་ གྲོགས་རམ་འབད་མི་དེ་ལུ་ ང་བཅས་ལས་ དམིགས་བསལ་གྱི་ བཀྲིན་དགའ་ཚོར་ཡོད།
མི་ཚུ་གིས་ ས་གོ་སྟོངམ་ཚུ་ནང་ ཆབ་གསང་རྒྱསཔ་ ག་ལྷོད་གཏང་ནི་དང་ དེ་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་ཡོད་ལུགས་ཀྱི་སྐོར་ལས་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་སྟེ་ གོ་བ་བརྡ་སྤྲོད་དང་ ཤེས་ཡོན་བྱིན་དགོཔ་ཨིན།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ མཐའ་ཟུར་གཡུས་ཚན་ཚུ་ནང་ མི་ཚུ་གིས་ ཐ་ན་ གསང་སྤྱོད་འཇམ་སམ་ཅིག་ཡང་ རྐྱབ་ཚུགས་པའི་ ལྕོགས་གྲུབ་མེད་པའི་ཁར་ གཟུགས་ཁམས་འཕྲོད་བསྟེན་གྱི་ གཞི་རྟེན་ཤེས་ཡོན་ཅིག་ཡང་ མེད་ནི་དེ་གིས་ཨིན།
གནས་ཚུལ་ལེགས་ཤོམ་ཅིག་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ གསོ་བའི་ལྷན་ཁག་གིས་ ལྟ་རྟོག་ལམ་ལུགས་ཚུ་ གཞི་བཙུགས་འབད་དོ་ཡོདཔ་ད་ དེ་ཡང་ གསང་སྤྱོད་ཀྱི་གྱངས་ཁ་རྐྱངམ་གཅིག་ ལྟ་རྟོག་འབད་ནི་མེན་པར་ ནད་གཞི་གསརཔ་ཚུ་གི་ ཐོ་བཀོད་བཞག་ནི་ལུ་ཡང་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།
གྲོགས་རམ་བྱིན་མི་ རྒྱལ་ཁབ་ཚུ་དང་ ངོ་ཚབ་ལས་སྡེ་ཚུ་ འགྲོས་ཀྱིས་སྦེ་ར་ རྒྱབ་བཤུད་རྐྱབ་འགྱོ་བའི་དུས་ཚོད་ལུ་ གཙང་སྦྲ་དང་གཟུགས་ཁམས་འཕྲོད་བསྟེན་ བདག་འཛིན་འཐབ་ནི་དེ་ གཞན་ལུ་ འགན་ཁུར་བཀལ་མ་བཞག་པར་ ང་བཅས་ར་གིས་ འགོ་འདྲེན་འཐབ་སྟེ་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་ཨིན།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *