༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་འོག་གི་ ལའུ་རི་དང་ གསེར་ཐིག་རྒེད་འོག་༢ ཀྱི་མི་ཚུ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ འཁོར་ལམ་བསུབས་དོ་ཡོད་པའི་ཁར་ གཙང་ཆུ་བྲེས་མི་ཚུ་ བརྒལ་འགྱོ་དགོཔ་ལས་ ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ཨིན་པས།
གསེར་ཐིག་རྒཔོ་ པདྨ་ཆོས་འཕེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ རྒེད་འོག་དེ་༢ ནང་ འཁོར་ལམ་བདའ་སྟེ་ ཟམ་ཡོད་པ་ཅིན་ ཇོ་མོ་གཙང་ཁ་ལུ་ འགྲོ་འགྲུལ་འབད་ནིའི་ནང་ ཕན་ཐོགས་ཡོདཔ་ལས་ ཟམ་དགོ་པའི་སྐོར་ལས་ སྙན་ཞུ་འབད་དེ་ར་ ཡོད་ཟེར་ཨིནམ་ད་ ཁོ་གི་ རྒེད་འོག་ནང་ ཟམ་༥ དེ་ཅིག་ དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གི་ འཁོར་ལམ་དེ་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ སེལ་ཡོདཔ་ལས་ ཟམ་དེ་ཡང་ ལས་ཁུངས་ཀྱིས་ར་ རྐྱབ་ནི་འོང་ཟེར་ཨིནམ་ད་ ཉེན་ཁ་སྦོམ་ཤོས་ར་ ཨ་ཁུ་རི་དེ་ཨིནམ་ལས་ གཙང་ཆུ་དེ་ བྲེས་པའི་སྐབས་ ག་རའི་ནང་ ཁྱབ་འགྱོ་དོ་ཡོད་མི་ལུ་བརྟེན་ སྟེང་ཟམ་རྐྱབ་མ་གཏོགས་ དེ་མེན་ ལྕགས་ཟམ་ལ་སོགས་པའི་ ཐབས་ལམ་གཞན་ མ་མཐོང་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ གཙང་ཆུ་ཚུ་ བྲེས་མི་དང་ འཁོར་ལམ་བསུབས་མི་ལུ་བརྟེན་ ཇོ་མོ་གཙང་ཁ་ལུ་ ཁག་ཆེ་བའི་ ཉོ་ཚོང་རྐྱབ་པར་ འགྱོ་ནི་ཚུ་ཡང་ བཤོལ་བཞག་དགོཔ་ ཐོནམ་མས་ཟེར་ཨིནམ་ད་ ད་ལྟོ་ ཇི་སམ་རི་དང་ འུང་ཐི་རི་ དེ་ལས་ ཀ་བལ་ཊཱ་རི་གུ་ལས་ ཟམ་རྐྱབ་པའི་བསྒང་ ཡོད་ཟེར་ཨིན་པས།
ལུའི་རི་རྒེད་འོག་གི་དམངས་མི་ བསྟན་འཛིན་ནོར་བཟང་གིས་ སླབ་མིའི་ནང་ མི་སྡེ་ལྟེ་བའི་ཡིག་ཚང་ནང་ ཡོངས་འབྲེལ་གྱི་ ཞབས་ཏོད་མེདཔ་ད་ མི་རྩིས་ཐོ་བཀོད་དང་ ཤིང་གི་ཆོག་ཐམ་ལེན་ནི་ལ་སོགས་པ་ཚུ་ ཡོངས་འབྲེལ་ཐོག་ འབད་དགོཔ་ལས་ བདུན་ཕྲག་༡ ནང་ ཉུང་ཤོས་ར་ ཚར་༣ དང་༤ དེ་རེ་ ཇོ་མོ་གཙང་ཁ་ལུ་ འགྱོ་དགོཔ་འཐོན་པའི་སྐབས་ འཁོར་ལམ་བསུབས་མི་དང་ གཙང་ཆུ་བྲེས་མི་ཚུ་གིས་ དཀའ་ངལ་སྦོམ་ བྱིནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ རྩིས་ཁྲ་ཁ་བསྡམ་པའི་ དུས་ཚོད་འབདཝ་ལས་ དེ་གི་དོན་ལུ་ ཇོ་མོ་གཙང་ཁ་ལུ་ འགྱོ་བའི་སྐབས་ སྣུམ་འཁོར་གཙང་ཆུ་ནང་ ཐོགས་ལུས་ཏེ་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་མ་ཚད་ ཇོ་ཙོ་གཙང་ཁ་ལུ་ གློག་མེ་མེད་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་དགོཔ་ཐོན་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ སྣུམ་འཁོར་གྱི་མར་ཁུ་ ཁོང་རའི་དངུལ་ཁུག་ནང་ལས་ བཙུགས་དགོཔ་ཐོནམ་མས་ཟེར་ཨིན་པས།
སྐྱེས་ལོ་༢༨ ལང་མི་ དེད་གཡོགཔ་ཚེ་དབང་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ལའུ་རི་ལས་ འོང་པའི་སྐབས་ ཁོ་གི་སྣུམ་འཁོར་དེ་ ཇི་སམ་རི་བྲེས་མིའི་ནང་ ཐོགས་ལུས་ཡོདཔ་ད་ ཉིན་མར་ གཞན་ལས་ རྒྱབ་སྐྱོར་ལེན་ཚུགས་ནི་ཨིན་རུང་ ནུབ་མོར་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་ཚེ་ རྒེད་འོག་འགོ་དཔོན་དང་ གཞན་ཚུ་གིས་ སྣུམ་འཁོར་འཐེན་ནིའི་དོན་ལུ་ རྒྱབ་སྐྱོར་མ་འབད་བ་ཅིན་ ཁོ་ར་རྐྱངམ་གཅིག་ ལུས་སོཔ་འོང་ཟེར་ཨིནམ་ལས་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ གང་མགྱོགས་ཟམ་ཚུ་ རྐྱབ་གནང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ལའུ་རི་རྒེད་འོག་གི་ ཇོ་མོ་རིའི་ལྕགས་ཟམ་དེ་ འདས་པའི་བདུན་ཕྲག་ནང་ གློ་བུར་གྱི་ རྐྱེན་ངན་སྐབས་ རྒྱབ་སྐྱོར་འབད་ཐབས་ལུ་ ལྕགས་ཟམ་བཟོ་སྐྲུན་གྱི་ སྦྱོང་བརྡར་འབད་བའི་སྐབས་ བཟོ་སྐྲུན་འབད་ཡི་ཟེར་ཨིནམ་ད་ ད་ལྟོ་ ཟམ་༣ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ལས་༢ རྩི་སའི་ཟམ་ ཨིན་ཟེར་ཨིན་པ།
ཁོ་གིས་འབད་བ་ཅིན་ ཇི་སམ་རིའི་ ལྕགས་ཟམ་གྱི་དོན་ལུ་ མཐའམ་༢ ཀྱི་ རྩིགཔ་ཚུ་ རྐྱབ་ཚརཝ་ལས་ ད་ལྟོ་ ཟམ་གྱི་ ཅ་ཆས་ཚུ་ལུ་ བསྒུག་དོ་ཟེར་ཨིནམ་ད་ ཨ་ཀུ་རི་བདའ་སྟེ་ ཟམ་རྐྱབ་མ་ཚུགས་མི་དེ་ མ་དངུལ་མེད་པར་ ལུས་ཡོདཔ་ལས་ སང་ཕོད་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་༣ གྱི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་དངུལ་ཀྲམ་ས་ཡ་༢༩ བྱིན་ཡོད་པའི་གནས་ཚུལ།
གསེར་ཐིག་ལས་ སྐལ་བཟང་དབང་ཕྱུག།