༉ བསམ་གྲུབ་ཆོས་གླིང་དྲུང་ཁག་ གཙང་ཆུ་ཐང་ཁྲོམ་ཁའི་ ཚོང་པ་༣༡ ལུ་ ཁྲོམ་གསརཔ་ལས་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་ལས་ ད་ལས་ཕར་ འཆར་གཞི་དང་འཁྲིལ་ ཁྲོམ་ཚུལ་ལྡན་ཅིག་ གོང་འཕེལ་གཏང་ཚུགས་ནི་ཨིན་པས།
ཁྲོམ་ཁར་ཚོང་ཁྱིམ་རྐྱབ་ནི་གི་ ས་ཚན་ཚུ་ཡང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ པདྨ་ཚེ་དབང་གིས་ རྩིས་སྤྲོད་ཡོདཔ་ཨིན་པས།
དྲུང་ཁག་འགོ་དཔོན་ཚུ་གིས་ ས་ཚན་ཐོབ་མི་ཚུ་ཡང་ གཙང་ཆུ་ཐང་ལུ་ ཁྲམ་མེད་པར་ གཞུང་སའི་ནང་ ལོ་ངོ་མང་རབས་ཅིག་གི་རིང་ གཞིས་ཆགས་སྡོད་མི་ ཚོང་པ་ཚུ་ཨིན་ཟེར་ བཤད་པའི་ཁར་ ད་ལྟོ་ སའི་སྐྱིད་སྡུག་ཐོབ་མི་ཚུ་ལུ་ ལག་ཁྲམ་སྤྲོད་ནིའི་དོན་ལས་ དྲུང་ཁག་གིས་ ཡིག་ཆ་ཚུ་ ས་ཆ་ལྷན་ཚོགས་ལུ་ བསྐྱལ་ཡོདཔ་བཞིན་དུ་ ལག་ཁྲམ་ཚུ་ དུས་ཡུན་ཟླཝ་༡ དང་༢ ཀྱི་ ནང་འཁོད་ལུ་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
ལག་ཁྲམ་ལྷོད་པའི་ཤུལ་ལས་ དྲུང་ཁག་བདག་སྐྱོང་གིས་ ཚོང་པ་ཚུ་ལུ་ སྒྲིང་ཁྱིམ་རྐྱབ་ནིའི་ གནང་བ་བྱིན་ནི་ཨིན་པས།
ད་རུང་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཙང་ཆུ་ཐང་གི་ཁྲོམ་ཁར་ ཁྲམ་ཡོད་མི་ ཚོང་པ་ཚུ་ཡང་ཡོདཔ་ལས་ ཁོང་གི་དོན་ལུ་ ཁྲོམ་གསརཔ་གི་ ས་ཆ་བགོ་བཀྲམ་དེ་ གཞུང་གིས་བཟོ་ཡོད་མི་ ལམ་སྟོན་དང་ ཁྱད་ཚད་དང་འཁྲིལ་ འབད་འོང་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ ཁོང་ལུ་ རང་དབང་ས་ཆ་མེདཔ་ལས་ འཕྲལ་འཕྲལ་ར་ སྤོ་བཤུད་འབད་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཚ་གྱང་ལང་སྟེ་ སྡོད་ཡོད་རུང་ ད་རེས་ སའི་སྐྱིད་སྡུག་ཐོབ་ནི་དེ་གིས་ བློ་བདེ་ཏོག་ཏོ་ཡར་སོཔ་ལས་ མི་དབང་མངའ་ཞབས་མཆོག་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ད་ལྟོའི་ཁྲོམ་དེ་ མེ་རག་ཨ་མ་རིའམ་ ཡོངས་གྲགས་ལུ་ ནེ་ར་ཨ་མ་རི་ཟེར་སླབ་མི་ གཙང་ཆུའི་མཐའ་མར་ ཆགས་ཡོདཔ་ལས་ ཆུ་རུད་ཀྱི་ ཉེན་ཁ་ཡོད་པའི་ཁར་ རྒྱ་སྐྱེད་དང་ གོང་འཕེལ་གྱི་དོན་ལུ་ ས་ཁོངས་ཆུང་དྲགས་མི་ལུ་བརྟེན་ དྲུང་ཁག་གིས་ ས་ཁོངས་གཞན་ཅིག་ ངོས་འཛིན་འབད་ཡོདཔ་ད་ ས་ཁོངས་གསརཔ་དེ་ཡང་ གཙང་ཆུ་ཐང་ལུ་ར་ཨིན་རུང་ ཆུ་རུད་ཀྱི་ ཉེན་ཁ་མེདཔ་ཨིན་པས།
དྲུང་ཁག་གིས་ ཁྲོམ་གསར་པའི་དོན་ལུ་ ཀིའུ་བིག་མི་ཊར་༢༥༠ འབད་མི་ ཆུ་མཛོད་དང་ གློག་མེའི་མཐུད་སྦྲེལ་ དེ་ལས་ ནང་འཁོད་འཁོར་ལམ་བཟོ་སྐྲུན་ཚུ་ འབད་ཚར་ཡོདཔ་ད་ སྐྱེལ་འདྲེན་བཱསི་བཞག་ས་དང་ གླིང་ག་ཚུ་ འཆར་གཞི་༡༢ པའི་ནང་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་ལས་ གསང་སྤྱོད་དང་ ཆུ་གཡུར་ལ་སོགས་པ་ཚུ་ ཞབས་ཏོག་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ བཟོ་སྐྲུན་འབད་ནི་ཨིནམ་ད་ ཁྲོམ་གསར་པའི་ནང་ སྒྲིང་ཁྱིམ་ཐོག་ཚད་༢ ལས་བརྒལ་ རྐྱབ་མི་ཆོག་ནི་ཨིན་པས།
ས་ཆ་ཨེ་ཀར་༢༡ ལྷགཔ་ཅིག་ཡོད་མི་ ཁྲོམ་གསར་ནང་ ཚོང་ཁང་༦༣ དེ་ཅིག་ ཡོད་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།