གྲོས་འཛོམསས་ནང་ བཅའ་མར་གཏོགས་མི་ཚུ།

གནས་སྤོ་བཀག་ཐབས་ལུ་ མི་སྡེ་གལ་གནད་དང་ལྡནམ་བཟོ་ནི།

༉ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ ཐིམ་ཕུག་བཀྲིས་ཏཱཇ་ཟ་ཁང་ནང་སྦེ་ འབྲུག་དང་ ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ ཇའི་ཀ་ལས་འགུལ་ཐོག་ལས་ རྒྱལ་ཁབ་ནང་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་མི་བཀག་ཐབས་ནིའི་དོན་ལུ་ མི་སྡེའི་སྟོབས་ཤུགས་ ཡར་སེང་འབད་ནི་དང་འབྲེལ་བའི་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།
གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ ཇ་པཱན་གྱི་ དཔེ་སྟོན་ཁྲོམ་སྡེ་དག་པ་ཅིག་ནང་ ཞིབ་འཇུག་ལྟ་སྐོར་ནང་སོང་བའི་སྐབས་ ཉམས་མྱོང་ཐོབ་མི་ཚུ་ བརྗེ་སོར་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ དཔེ་དེ་ལུ་ལྟ་སྟེ་ ཐབས་ལམ་ཚུ་ ག་ཅི་ར་བསྒྲིགས་ཏེ་ཡོད་གའི་ བསམ་འཆར་བརྗེ་སོར་འབད་བའི་ཁར་ རྒྱབ་སྣོན་བསམ་འཆར་ཚུ་ཡང་ བསྡུ་སྒྲིག་འབད་ཡོདཔ་ཨིན་པས།
དེ་ཡང་ ལྟ་སྐོར་ནང་སོང་མི་ འབྲུག་པའི་སྡེ་ཚན་གྱིས་ ཇ་པཱན་གྱི་ མཚོ་གླིང་ཅིག་ནང་ཆགས་ཡོད་མི་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་བའི་ དཀའ་ངལ་སྦོམ་ཤོས་ཡོད་མི་ ཨ་མ་ཁྲོམ་ཁར་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་བསྒྲིགས་ཡོད་མིའི་སྐོར་ལས་ གསལ་སྟོན་འབད་ཡོདཔ་ཨིན་པས།
དེ་ཡང་ ཁྲོམ་སྡེ་ནང་ ལོ་ངོ་༦༠ དེ་ཅིག་གི་ཧེ་མར་ མི་གྲངས་༧༠༠༠ དེ་ཅིག་ལས་ ད་རེས་ནངས་པར་ མི་གྲངས་༢,༢༩༣ གུ་ མར་ཕབ་སོང་ཡོད་མི་དེ་ཡང་ གཙོ་བོ་ ཤེས་རིག་གི་ མཐུན་རྐྱེན་མེད་མི་ལུ་བརྟེན་ཨིན་པའི་ངོས་འཛིན་བྱུང་བའི་ཤུལ་ལས་ ཁྲོམ་དེ་ནང་ ཁྲོམ་དཔོན་གྱིས་གཙོས་པའི་ ཞི་གཡོགཔ་ཚུ་གིས་ ཁྲོམ་གོང་འཕེལ་གྱི་དོན་ལུ་ དངུལ་ཕོགས་ལས་བརྒྱ་ཆ་༡༠ དང་༤༠ གི་བར་ན་བཏོགས་ཏེ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཤེས་རིག་ལེགས་སྒྱུར་ཐོག་ ཨ་མ་ཁྲོམ་གྱི་ སློབ་གྲྭ་ཆེ་བ་དང་ མཐུན་རྐྱེན་དང་ སྤུས་ཚད་ཅན་ དེ་ལས་ རྩ་གཞུང་ནང་ཡང་ ས་གནས་ནང་འཁོད་ཀྱི་ གནད་དོན་ཚུ་བཙུགས་ཏེ་ སེམས་ཤོར་སི་སི་བཟོ་ཡོད་མི་དེ་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་མ་ཚད་ ཕྱི་རྒྱལ་ཁབ་ནང་ལས་ཡང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་ ལྷོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལོ་ན་རྒས་ཤོསམ་ཚུ་རྐྱངམ་གཅིག་ལུས་མི་ ཀ་མི་ཀོ་ཚུ་ཁྲོམ་ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ཐོག་ལས་ མཐར་འཁྱོལ་ཅན་གྱི་གནས་སྟངས་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ཡང་ དཔེ་ཇ་པཱན་རྒྱལ་ཁབ་ཀྱི་ ས་གནས་དེ་ཚུ་ལུ་ གཞི་བཞག་སྟེ་ པདྨ་དགའ་ཚལ་ན་ནོང་རྒེད་འོག་ནང་ ནང་འཁོད་ཀྱི་ཐོན་སྐྱེད་ དགུན་ཆའི་ཐོན་སྐྱེད་ཡར་དྲག་གཏང་ནིའི་ལས་སྣ་དང་ སྒོ་ནོར་གྱི་ཐོན་སྐྱེད་གོང་འཕེལ་གྱི་ ལས་འགུལ་འགོ་བཙུགས་མི་དང་ དགྲ་མེད་རྩེ་ལུ་ ཕྱགས་སྙིགས་འཛིན་སྐྱོང་འཛིན་སྐྱོང་གི་ལས་སྣ་ འགོ་བཙུགས་ཡོད་མི་ཚུ་ རྒེད་འོག་བདག་སྐྱོང་འགོ་དཔོན་༢ ཀྱིས་ སྤྱན་འབུལ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨ་མ་ཁྲོམ་གྱི་ སློབ་གྲྭ་ཆེ་བ་ལུ་གཞི་བཞག་སྟེ་ ཆུ་ཁ་རྫོང་ཁག་ནང་ལུ་ཡང་ སློབ་གྲྭ་དེ་དང་ ཅོག་འཐདཔ་ཅིག་ མོ་བཏབ་ཀྱི་དོན་ལུ་ གཞི་བཙུགས་འབད་ནི་ཨིནམ་ད་ སྤྱན་འབུལ་འབད་མི་ ཆུ་ཁ་རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ ཀུན་ལེགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ གལ་སྲིད་ ལས་འགུལ་དེ་ མཐར་འཁྱོལ་འབྱུང་པ་ཅིན་ རྫོང་ཁག་གཞན་ཚུ་ནང་ཡང་ དར་ཁྱབ་གཏང་ནི་ཨིན་པས།
གྲོས་འཛོམས་དེ་ནང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་གཙོས་པའི་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་དང་ འབྲུག་ལུ་ ཇའི་ཀའི་ངོ་ཚབ་གཙོ་འཛིན་ དེ་ལས་ སྤྱི་ཚོགས་ཀྱི་འཐུས་མི་དང་ ལྷན་ཁག་དང་ལས་སྡེ་ དེ་ལས་ ཞི་བའི་མི་སྡེ་ལས་ཚོགས་ལ་སོགས་པའི་ འབྲེལ་ཡོད་ལས་སྡེ་ཚུ་ནང་ལས་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *