གནས་སྡུད་ཚུ་ གཅིག་མཚུངས་བཟོ་ཐབས་ལུ་ རྩིས་དཔྱད་བཀོད་འཛིན་ལས་ འཐོབ་ཚུགསཔ་བཟོ་ནི།

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ད་ལྟོ་ གཞུང་གི་ཡིག་ཚང་ཚུ་ནང་ རྩིས་དཔྱད་གནས་སྡུད་བཞག་ནིའི་ལམ་ལུགས་དེ་ སྐྱོ་དྲགས་ཡོད་པའི་ཁར་ དྭངས་གསལ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ལྷན་ཁག་ཚུ་ནང་ཡོད་མི་ རྩིས་དཔྱད་ཀྱི་ལམ་ལུགས་ རེ་གཉིས་ཡོད་མི་ཚུ་ཡང་ ཅོག་འཐདཔ་སྦེ་འདུག་ཟེར་ཨིནམ་ད་ རྩིས་དཔྱད་བཀོད་འཛིན་ཡིག་ཚང་དེ་ གཞུང་གི་གནས་སྡུད་བཞག་མི་ ལས་སྡེ་ངོ་མ་ཅིག་ཨིན་པའི་ཁར་ ད་ལས་ཕར་འབད་རུང་ འོས་འབབ་ཅན་གྱི་ གནས་སྡུད་བཏོན་མི་ ལས་སྡེ་ཅིག་སྦེ་ བཞག་དགོ་པའི་གྲོས་འདེབས་དང་ རྒྱབ་སྣོན་འབད་ནུག།
ལྷན་ཁག་ཚུ་ནང་ རང་སོའི་ཉོགས་མེད་བྱིན་ནིའི་ ལམ་ལུགས་ཡོད་དེ་འབད་རུང་ སྤུས་ཚད་ཅན་གྱི་ གནས་སྡུད་བཟོ་ནིའི་དོན་ལུ་ དེ་ཚུ་ཡང་ བཀོད་འཛིན་ནང་ལས་ ཉོགས་མེད་ལེན་དགོཔ་བཟོ་དགོ་པའི་ གྲོས་འདེབས་འབད་ནུག།
དེ་མ་ཚད་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ གནས་སྡུད་ས་ཁོངས་ཅིག་ནང་ལས་ འཐོབ་ཚུགསཔ་བཟོ་དགོ་པའི་ གྲོས་འདེབས་དང་ རྒེད་འོག་གི་གནས་སྡུད་ཚུ་ཡང་ ལམ་ལུགས་ཅིག་ནང་ལས་ འཐོབ་ཚུགསཔ་བཟོ་ནི་དང་ དེ་ཚུ་ག་ར་ བཀོད་འཛིན་གྱིས་ བདག་དབང་འབད་ནིའི་་ གྲོས་འདེབས་འབད་ཡོདཔ་ཨིན་པས།
ཞབས་ཏོག་ཚུ་ ཚུལ་ལྡན་སྦེ་ བྱིན་ཚུགས་ནིའི་དོན་ལུ་ ཞབས་ཏོག་ཚུ་གི་གནས་ཚད་ཅིག་ བཟོ་དགོ་པའི་ཁར་ ཞབས་ཏོག་ཚུ་ ག་དེ་སྦེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་ན་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་དང་ ཡང་ཅིན་ ཡོངས་འབྲེལ་ནང་ལས་ཕར་ མི་ག་ར་གིས་ མཐོང་ཚུགསཔ་སྦེ་ བཙུགས་དགོཔ་འདུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ མཉམ་འབྲེལ་དང་བརྡ་དོན་ལས་ཁུངས་ནང་ དཔེ་མཛོད་གཉེར་པ་ཡོད་མི་ཚུ་ ཚུལ་ལྡན་སྦེ་ བཀོལ་སྤྱོད་འབད་དེ་མེད་པའི་ ངོས་འཛིན་འབད་མི་དེ་ ད་ལས་ཕར་ བདག་སྐྱོང་ལས་རོགསཔ་གི་ལཱ་འགན་ འབག་བཅུག་དགོ་པའི་ གྲོས་འདེབས་འབད་ནུག།
ལས་ཁུངས་ཚུ་ནང་ ལཱ་འབད་མི་ཚུ་གིས་ གནས་སྡུད་བཞག་ནི་གི་ ལྕོགས་གྲུབ་ཚད་ཅིག་ལས་མེད་ནི་དེ་གིས་ སྦྱོང་བརྡར་བྱིན་དགོཔ་འདུག་ཟེར་ཨིནམ་ད་ ལས་ཁུངས་དེ་ནང་ འདས་པའི་ལོ་༡༠ གྱི་བར་ན་ ལས་བྱེདཔ་༤ དགོངས་ཞུ་འབད་ཡོདཔ་ད་ གཞན་མི་༡༢ ཀྱིས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་དེ་འགྱོ་ཡོདཔ་ཨིན་པས།
ཁྲོམ་སྡེ་༤ ནང་ཡོད་མི་ རྩིས་དཔྱད་འགོ་དཔོན་ཚུ་ རྫོང་ཁག་བདག་སྐྱོང་གི་འོག་ལུ་འབད་ནི་དེ་གིས་ ཁོང་གི་འགན་ཁུར་དེ་ རྫོང་ཁག་ནང་འཁོད་རྐྱངམ་གཅིག་ འབད་ཆོགཔ་སྦེ་འདུག་ཟེར་ཨིནམ་ད་ ཁྲོམ་སྡེ་ནང་ཡོད་མི་ འཆར་གཞི་འགོ་དཔོན་ཚུ་ལུ་ རྩིས་དཔྱད་ཀྱི་ ལྕོགས་གྲུབ་དེ་ཅིག་ མིན་འདུག་ཟེར་ཨིན་པས།
ད་ལས་ཕར་ རྒེད་འོག་དང་ རྫོང་ཁག་ ལྷན་ཁག་ ལས་སྡེ་ཁག་ དེ་ལས་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་བར་ན་ གནས་སྡུད་ཚུ་ སྙན་ཞུ་འབད་ནིའི་ ལམ་སྟོན་ཅིག་ བཟོ་དགོ་པའི་ཁར་ རྫོང་ཁག་དང་ རྒེད་འོག་གནས་ཚད་ནང་ཡོད་མི་ རྩིས་དཔྱད་ཡིག་ཚང་ཚུ་ རྒྱ་བསྐྱེད་གཏང་དགོ་པའི་ རྒྱབ་སྣོན་འབད་ནུག།
རྩིས་དཔྱད་བཀོད་འཛིན་ནང་ལས་ བཀྲམ་སྤེལ་འབད་མི་ གནས་སྡུད་ཚུ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ བརྡ་སྟོན་གྱི་ གཞི་བཞག་ས་སྦེ་ ལག་ལེན་འཐབ་དགོ་ནི་ཨིནམ་ད་ ལྷན་ཁག་དང་ལས་སྡེ་ དེ་ལས་ རྫོང་ཁག་དང་ རྒེད་འོག་གི་གནས་ཚད་ནང་འབད་བ་ཅིན་ རང་སོའི་རྩིས་དཔྱད་ཡིག་ཚང་ཚུ་ལས་ ལག་ལེན་འཐབ་དགོཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *