འཐུས་མི་རྒྱལ་ཁབ་༧ གྱི་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་ཚུ་ ཕྱི་འབྲེལ་བློན་པོ་ཚུ་དང་ བློན་པོ་ངོ་ཚབ་ཚུ་དང་ལྷན་བཞུགས།

གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ བིམསི་ཊེག་དབུ་ཁྲིད་ ཞལ་འཛོམས་ནང་གྲལ་གཏོགས།

༉ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་ སྤྱི་ཟླ་༨ པའི་ཚེས་༣༠ དང་༣༡ ཚུན་ ཉིན་གྲངས་༢ ཀྱི་རིང་འཚོགས་མི་ བིམསི་ཊེག་ཟེར་ འཕྲུལ་རིག་དང་ དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ནང་ བཅའ་མར་གཏོགས་ནུག།
དབུ་ཁྲིད་ཞལ་འཛོམས་ནང་ འཐུས་མི་རྒྱལ་ཁབ་༧ གྱི་ རྒྱལ་ཁམས་དང་ གཞུང་གི་དབུ་ཁྲིད་ཚུ་གིས་ ནུས་ཤུགས་སྡེ་ཚན་ནང་ མཉམ་འབྲེལ་ལྷག་པར་དུ་འབྱུང་ནིའི་ ལྷན་ཐབས་འབད་ནི་ཨིན་མི་ གློག་མེ་རྒྱུན་ལམ་ ཕན་ཚུན་མཐུད་སྦྲེལ་གཞི་བཙུགས་ཀྱི་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ཡོདཔ་མ་ཚད་ བིམསི་ཊེག་དབུ་ཁྲིད་ཞལ་འཛོམས་ཀྱི་ ཀཱཐ་མཱན་ཌུ་གྲོས་ཆོད་གསལ་བསྒྲགས་དེ་ ཆ་འཇོག་གྲུབ་གནང་ཡོདཔ་ཨིན་པས།
གནས་སྐབས་གཞུང་གི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གནས་སྐབས་ཀྱི་གཞུང་གིས་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཅིག་གི་གྲོས་ཆོད་ ཡང་ཅིན་ ཕྱི་གཞུང་གི་ ལས་ཚོགས་ཚུ་དང་གཅིག་ཁར་ གན་རྒྱ་བཅས་གང་ཡང་ བཟོ་ནི་གི་ ཐོབ་རིམ་མེད་རུང་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ བེ་ཨོཕ་བེང་གཱལ་ལུང་ཕྱོགས་ནང་ ཞི་བདེ་དང་ དཔལ་ཡོན་ ཡུན་བརྟན་ཅན་བཟོ་ནིའི་ བརྗོད་དོན་ཐོག་འཚོགས་མི་ དབུ་ཁྲིད་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་དེ་ཡང་ དབུ་ཁྲིད་ཞལ་འཛོམས་ཡུན་འགྱངས་མི་ལུས་ནིའི་དོན་ལས་ གནས་སྐབས་ཀྱི་ འོས་འདེམས་ཐོག་ གྲལ་གཏོགས་གནང་ཡི་ཟེར་ཨིན་པས།
གནས་སྐབས་ཀྱི་ འོས་འདེམས་ཟེར་མི་དེ་ གོ་བརྡའི་ཆིངས་ཡིག་དེ་ ཤུལ་ལས་ གཞུང་སྐྱོང་དབུ་ཁྲིད་ཚུ་གིས་ བསྒྱུར་བཅོས་ཐོག་ ཆ་འཇོག་འགྲུབ་ནི་གི་ དབང་ཚད་ཡོདཔ་ད་ གནས་ཚུལ་གསར་བཏོན་ནང་ དབུ་ཁྲིད་ཞལ་འཛོམས་ཀྱིས་ ཐུགས་ཐག་བཅད་མི་དེ་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་གསརཔ་གིས་ ངོས་ལེན་འབད་ནི་དང་ མི་འབད་ནི་ ཡང་ཅིན་ བསྒྱུར་བཅོས་འབད་ཚུགས་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *