ཨའུ་མཚོ་ལུ་བཟོ་སྐྲུན་འབད་མི་ གནས་སྐབས་ཀྱི་ ཚོང་ཁང་གསརཔ།

གནས་སྐབས་ཀྱི་ས་ཁོངས་ནང་ ཚོང་ཁང་སྤོ་བཤུད་འབད་མི་གིས་ ཚོང་འབྲེལ་ལུ་ གནོད་པ་བྱུང་ཡོདཔ།

༉ ལྷུན་རྩེ་ ཨའུ་མཚོ་ཁྲོམ་ཁར་ ཚོང་བཙོང་སྡོད་མི་ཚུ་ གནས་སྐབས་ཀྱི་ སྦ་སྒོར་གསརཔ་ནང་ སྤོ་བཤུད་འབད་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ ཚོང་བཙོང་མ་ཚུགསཔ་ལས་ ཚ་གྱང་གི་གཞི་གནད་ལུ་ གྱུར་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༩ པའི་ནང་ རྫོང་ཁག་བདག་སྐྱོང་དང་ ཚོང་པ་ཚུ་གི་བར་ན་ གྲོས་བསྟུན་འབད་ཐོག་ལས་ གཞུང་ས་གླར་སྤྱོད་ཐོག་ ཚོང་བཙོང་སྡོད་ས་ལས་ གནས་སྐབས་ཀྱི་དོན་ལུ་ སྒེར་ས་ནང་ སྤོ་བཤུད་འབད་མི་ལུ་བརྟེན་ཨིན་པས།
རྒྱ་རས་རྒེད་འོག་ལས་ སྐྱེས་ལོ་༧༣ ལང་མི་ བསྟན་འཛིན་རྡོ་རྗེ་གིས་ སྤྱི་ལོ་༡༩༨༧ ལས་འགོ་བཙུགས་ ཨའུ་མཚོ་ཁྲོམ་ཁར་ གཞུང་ས་གླ་ཁར་ལེན་ཏེ་ ཚོང་བཙོང་ཐོག་ལས་ གཞུང་ལུ་ ས་དང་ ཚོང་ཁྲལ་བཏབ་པའི་ཁར་ ཁོ་རའི་ བཟའ་ཚང་ཡང་ ཚོང་ཁང་འདི་ལུ་བརྟེན་ སྐྱོང་སྡོད་ནུག།
ཁོ་གིས་འབད་བ་ཅིན་ འདས་པའི་ཟླཝ་ནང་ ཚོང་ཁང་ སྤོ་བཤུད་འབད་ཞིནམ་ལས་ཚུར་ ཚོང་ཉོ་མི་མར་བབས་སོང་སྟེ་ ཉིནམ་རེ་ནང་ འོང་འབབ་ དངུལ་ཀྲམ་༡༠༠ རེ་བཟོ་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཧེ་མའི་ས་གོ་ནང་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༢,༠༠༠ དང་༣,༠༠༠ གི་བར་ན་ ཐོབ་དོ་ཡོད་རུང་ ད་ལྟོའི་གནས་སྟངས་དེ་ དཀའ་ངལ་ཅན་ཅིག་ཨིན་མས་ཟེར་ཨིན་པས།
ཨ་ལོ་༤ གི་ཨའི་ སྐྱེས་ལོ་༤༤ ལང་མི་ མཚོ་རྒྱལ་མོ་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ ཚོང་བཙོང་སའི་ས་ཁོངས་དེ་ འཁོར་ལམ་འོག་ལུ་ དུམ་གྲ་ཅིག་ ལམ་ཐག་རིང་སོཔ་ལས་ ཧེ་མ་ བདུན་ཕྲག་༡ ནང་ སྣུམ་འཁོར་ ཌི་སི་ཨེམ་ཊཱག་རེ་གི་ ཚོང་ཆས་བཙོང་དོ་ཡོད་རུང་ ད་རེས་ ཟླཝ་༡ ནང་ ཌི་སི་ཨེམ་ཕྱེད་ཀ་དེ་ཅིག་གི་ཚོང་ཡང་ བཙོང་མི་ཚུགས་པས་ཟེར་ཨིན་པས།
ཚོང་ཆས་ཚུ་ དུས་ཚོད་ཁར་བཙོང་མ་ཚུགས་པའི་བསྒང་ལས་ འོང་འབབ་བཟོ་ནི་ལུ་ ཐོ་སྦོམ་སྦེ་ར་ ཕོག་པའི་ཁར་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༢ ཀྱི་ ཟད་འགྲོ་གཏང་ནི་དང་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
སྤྱིར་བཏང་གི་ལམ་ལུགས་ལྟར་དུ་སྦེ་ ཚོང་པ་ག་ར་ གནས་སྐབས་ཀྱི་ ས་ཁོངས་ནང་ སྤོ་བཤུད་འབད་དགོཔ་ཨིན་རུང་ ཚོང་པ་ལ་ལུ་ཅིག་གིས་ སྤོ་བཤུད་འབད་མ་བཏུབ་ལས་ ལམ་ལུགས་གཅིག་མཚུངས་ཡོད་མེད་ རྫོང་ཁག་བདག་སྐྱོང་གིས་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ ཚོང་པ་ཅིག་གིས་ སླབ་ཨིན་པས།
ས་གནས་ནང་ ལོ་ངོ་༢༠ ལྷགཔ་ཅིག་གི་རིང་ ཚོང་བཙོང་སྡོད་མི་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཉམ་ཆུང་ཚུ་ལུ་ སྐྱིད་སྡུག་དང་འདྲཝ་སྦེ་ ཚོང་བཙོང་ནིའི་དོན་ལུ་ མི་དབང་འབྲུག་རྒྱལ་༤ པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ འཆར་གཞི་༨ པའི་ནང་ ལྷུན་རྩེ་རྫོང་ཁག་ཡར་རྒྱས་ཚོགས་འདུའི་སྐབས་ གཞུང་ས་གླར་སྤྱོད་ཀྱི་དོན་ལུ་ གནང་ཡི་ཟེར་ཨིན་པས།
ཨིན་རུང་ དམངས་གཙོའི་རིང་ལུགས་དབུ་བརྙེས་པའི་ཤུལ་ལུ་ མི་སེར་གྱི་མཐའ་དོན་ལུ་ ཡན་ལག་ཁྲོམ་སྦེ་ ངོས་འཛིན་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ ཁྲོམ་ས་གནང་མ་བཏུབ་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་བཏང་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ ཀུན་བཟང་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཨའུ་མཚོ་ཁྲོམ་ས་གི་དོན་ལུ་ ཚོང་གི་ ལག་ཁྱེར་འཆང་མི་༩༠ དེ་ཅིག་ཡོད་མི་ཚུ་གིས་ ཞུ་ཡིག་བཙུགས་མི་དང་ ཁྲོམ་སའི་ལག་ཁྲམ་གནང་ནི་དོན་ལུ་ ཞབས་ཏོག་ལྷན་ཁག་ལུ་ སྙན་ཞུ་ཕུལ་ཡི་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ སྙན་ཞུ་ལྷོད་ཞིནམ་ལས་ འཆར་གཞི་༡༢ པའི་ ལོ་ངོ་དང་པའི་ནང་ སྣུམ་འཁོར་ལམ་སེལ་ཐོག་ལས་ ཁྱིམ་ས་བགོ་བཀྲམ་འབད་ནིའི་ འཆར་གཞི་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ས་གནས་ནང་ ཁྱིམ་བཟོ་སྐྲུན་འབདཝ་ད་འབྲེལ་ གཞུང་གིས་ འཐུང་ཆུ་དང་ གློག་མེ་ དེ་ལས་ ཨ་ལོ་རྩེདམོ་རྩེ་སའི་ས་ཁོངས་ཚུ་ཡང་ དུས་མཉམ་ལུ་ བཟོ་སྐྲུན་འབད་ནིའི་འཆར་གཞི་ཡོད་ཟེར་ རྫོང་ཁག་བདག་སྐྱོང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨའུ་མཚོ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *