གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་ ལྷན་ཁག་སོ་སོའི་ དྲུང་ཆེན་ཚུ་དང་ལྷན་བཞུགས།

གནས་སྐབས་ཀྱི་གཞུང་ རྩ་གྲོལ་སོང་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༩ ལུ་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་འབད་མི་དེ་ ཁ་ཙ་ རྩ་གྲོལ་སོང་ཡི།
མ་གཞི་ གནས་སྐབས་གཞུང་གི་ གནས་ཡུན་དེ་ ད་རིས་ ཚངམ་ཨིན་རུང་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་འབད་བ་ཅིན་ ཁ་ཙ་ གཟའ་སྐར་ལེགས་ཤོམ་ཡོད་མི་དང་བསྟུན་ གནས་སྐབས་གཞུང་དེ་ རྩ་གྲོལ་འབད་ཡི་ཟེར་ཨིན་པས།
དེ་ཡང་ བརྡ་བརྒྱུད་དང་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཁྲིམས་སྤྱི་བློན་པོ་གིས་ བཤད་ཡོདཔ་ད་ གནས་སྐབས་ཀྱི་ གཞུང་རྩ་གྲོལ་འགྱོཝ་དང་འབྲེལ་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་དང་ མཇལ་ཕྲད་གནང་ཡི་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༩ པའི་རྩ་དོན་༦ པའི་ དགོངས་དོན་ནང་ རྒྱལ་ཡོངས་ཚོགས་འདུ་ གསར་བཙུགས་སྒྲུབ་སྟེ་ བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་བཙུགས་པའི་ ཚེ་གྲངས་ལས་ གནས་སྐབས་གཞུང་གི་ གནས་འཕྲོ་ཆདཔ་ཨིན་ཟེར་བཀོད་ནུག།
ཁྲིམས་སྤྱི་བློན་པོ་གིས་ གཞུང་དེ་ གསརཔ་འབདཝ་ལས་ ལྷན་ཁག་གི་ དྲུང་ཆེན་ཚུ་ལུ་ དགོས་མཁོ་དང་འཁྲིལ་ཏེ་ རྒྱབ་སྐྱོར་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་མ་ཚད་ གཞུང་སོར་བསྒྱུར་འབད་ནིའི་ བྱ་རིམ་དེ་ འཇམ་ཏོང་ཏོ་མེན་ཟེར་ བཤད་པའི་ཁར་ སྲིད་དོན་ཚོགས་པ་༣ གྱིས་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་ཅི་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ འབྲུག་པའི་མི་སེར་ཚུ་གིས་ དམངས་གཙོའི་རིང་ལུགས་སྐོར་ ལེགས་ཤོམ་སྦེ་ ཧ་གོ་ཡོད་རུང་ གཞུང་སོར་བསྒྱུར་གྱི་ བྱ་རིམ་དེ་ ལེགས་ཤོམ་འབད་དགོ་ཟེར་ཨིན་པས།

གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག།

སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་ཡར་སེང་སོང་མི་དེ་ཡང་ མི་བརྒྱ་ཆ་༧༡.༤༦ དེ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འོང་ནུག་ཟེར་ཨིནམ་ད་ བཙག་འཐུ་སྐབས་ སྟབས་མ་བདེཝ་ དུམ་གྲ་རེ་ འཐོན་ནི་ཨིནམ་ལས་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ཚུ་གིས་ ངོས་ལེན་འབད་ནི་ མི་འོང་ཟེར་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ བཤད་ཅི།
སྲིད་དོན་ཚོགས་པ་ཚུ་གི་ གྲོས་གཞི་ཚུ་ རྒྱལ་ཡོངས་ཀྱི་ ཁེ་ཕན་དང་ དམིགས་གཏད་ཚུ་དགོཔ་དེ་ ཁག་ཆེཝ་བཞིན་དུ་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ གཞན་དང་མ་འདྲཝ་སྦེ་ཡོདཔ་ལས་ གཞན་ལས་དཔེ་བལྟ་ནི་ མི་འོང་ཟེར་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་བཤད་ཅི།
མ་གཞི་ གནས་སྐབས་ཀྱི་གཞུང་ལུ་ སྲིད་བྱུས་དང་འབྲེལ་བའི་ གྲོས་ཐག་ག་ནི་ཡང་བཅད་ནིའི་ དབང་ཚད་མེད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ སྙན་ཞུ་༤ དེ་ཅིག་ ཕུལ་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་འཁོར་བའི་རིང་ལུ་ ཞི་གཡོགཔ་ཚུ་ལུ་ སྟབས་མ་བདེ་བའི་ གནད་དོན་དང་ དངུལ་འབྲེལ་ལག་ལེན་ མཁོ་སྒྲུབ་བཅའ་ཡིག་དང་སྒྲིག་གཞི་ དེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ གོམས་འདྲིས་ལས་རིམ་གྱི་ སྙན་ཞུ་ཚུ་ཕུལ་ཡི་ཟེར་ཨིན་པས།
ཁྲིམས་སྤྱི་བློན་པོ་ཚེ་རིང་དབང་ཕྱུག་གིས་ ཁག་ཆེ་ཤོས་གཅིགཔོ་དེ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་ཨིནམ་ལས་ འདི་ཨ་རྟག་དང་མ་འདྲཝ་སྦེ་ བརྩི་སྲུང་ཞུ་ནི་དང་ རྒྱལ་ཡོངས་དུས་ཆེན་ལུ་བརྟེན་ མི་སེར་ཚུ་གིས་ རྒྱལ་ཁབ་ལུ་ ཤ་ཞེན་བསྐྱེད་ནིའི་དོན་ལུ་ གྲ་སྒྲིག་ཚུ་ འབད་བའི་བསྒང་ཡོད་ཟེར་བཤད་ཅི།
གཞུང་གསརཔ་གཞི་བཙུགས་འབད་ནི་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་ རྣམ་དག་གི་ཐོག་ལས་ བཙག་འཐུ་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ང་བཅས་ཀྱིས་ དགོས་མཁོ་དང་འཁྲིལ་ཏེ་ རྒྱབ་སྐྱོར་འབད་ཡི་ཟེར་ གྲོས་དཔོན་སྤྱི་ཁྱབ་ཀྱིས་བཤད་ཅི།
ཁོ་གིས་འབད་བ་ཅིན་ གནས་སྐབས་ཀྱི་གཞུང་ནང་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་ལུ་ ཁ་རྗེ་བཟང་ཡོདཔ་མ་ཚད་ སྟབས་མ་བདེ་ ག་ནི་ཡང་ མ་བྱུང་པར་ ལེགས་ཤོམ་སྦེ་ མཇུག་བསྡུ་ཡི་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་དེ་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ འབྲུག་མི་ག་ར་ འབྲུགཔ་ཨིནམ་སྦེ་ དཔའ་ཉམས་བསྐྱེད་དགོ་ཟེར་ ཁྲིམས་སྤྱི་བློན་པོ་གིས་ བཤད་པའི་ཁར་ འབྲུག་འདི་ གོང་འཕེལ་དུམ་གྲ་ཅིག་ལས་ མ་འགྱོ་མི་ རྒྱལ་ཁབ་ཚུ་ལས་ ཕྱིར་ཐོན་གནས་རིམ་ནང་ ལྷོད་ཚུགས་མི་ལུ་ དཔའ་ཉམས་བསྐྱེད་དགོ་ཟེར་བཤད་ཅི།
འབྲུག་འདི་ རྒྱལ་ཁབ་སྦོམ་ཤོས་༢ ཀྱི་བར་ན་ཡོད་རུང་ འཛམ་གླིང་དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་འགྱོ་བའི་ རྒྱལ་ཁབ་ཅིག་སྦེ་ ཚུད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *