གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ དྲགོས་ཚེ་རིང་དབང་ཕྱུག་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསལ་བཤད་འབད་བའི་བསྒང་།

གནས་སྐབས་ཀྱི་གཞུང་ཡང་ སྤྱིར་བཏང་གཞུང་བཟུམ་སྦེ་ར་ ཁག་ཆེ་ཟེར་གསུངས་ཡོདཔ།

༉ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གནང་པའི་ཤུལ་ལུ་ ཁ་ཙ་ གནས་ཚུལ་ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་མིའི་ནང་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ དྲགོས་ཚེ་རིང་དབང་ཕྱུག་གིས་ གནས་སྐབས་ཀྱི་གཞུང་ཡང་ བཙག་འཐུ་གྲུབ་པའི་ གཞུང་བཟུམ་སྦེ་ར་ ཁག་ཆེ་ཟེར་གསུངས་ཡི།
གྲོས་དཔོན་སྤྱི་ཁྱབ་ཀྱིས་འབད་བ་ཅིན་ མི་མང་ཤོས་ཅིག་གིས་ གནས་སྐབས་ཀྱི་གཞུང་ཟེརཝ་ད་ ཉིན་གྲངས་༩༠ གི་དོན་ལུ་རྐྱངམ་གཅིག་ཨིནམ་ལས་ ཁག་མ་ཆེཝ་བཟུམ་སྦེ་ བརྩིཝ་མས་ཟེར་ཨིནམ་ད་ དུས་ཚོད་དེ་གི་རིང་ལུ་ གནས་སྐབས་ཀྱི་གཞུང་དེ་ ཁག་མ་ཆེཝ་མེན་ཟེར་ ཁོ་གིས་ གསུངས་ཡི།
གྲོས་དཔོན་ཚུ་གིས་ ཁོང་རའི་ དུས་རྒྱུན་གྱི་ འགན་ཁུར་འབག་དགོ་པའི་ཁར་ ལྷན་ཁག་གི་ འགན་ཁུར་འབདཝ་ད་ ཐེབས་འབག་དགོཔ་ཨིན་ཟེར་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ གསུངསམ་མ་ཚད་ ལྷན་ཁག་ཚུ་གི་ འགན་ཁུར་བགོ་བཀྲམས་འབདཝ་ད་ཡང་ གྲོས་དཔོན་ཚུ་ ཧེ་མར་ ལྷན་ཁག་ནང་ ཕྱག་ལཱ་གནང་པའི་ ཉམས་མྱོང་ཡོད་པ་ཅིན་ ལྷན་ཁག་དེ་གི་སྐོར་ལས་ ཆ་མཉམ་ཤེས་རྟོགས་ཡོད་ནི་དེ་གིས་ ལཱ་ཆུང་ཀུ་ཚུ་ནང་ ལགཔ་རྐྱབ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ ལྷན་ཁག་གདམ་ཁ་རྐྱབ་ནི་གི་ གོ་སྐབས་མ་ཕུལ་ཟེར་ གསུངས་ཡི།
གྲོས་དཔོན་ཚུ་གིས་ ལྷན་ཁག་སོ་སོའི་ནང་ ཕྱག་ཞུ་བ་ཅིན་ ཡོན་ཏན་ཡང་ གསརཔ་འཐོབ་ནི་ཨིནམ་ལས་ ཉམས་མྱོང་དང་ ཤེས་རྟོགས་མེད་མི་ ལྷན་ཁག་ཚུ་ བགོ་བཀྲམ་འབད་ནུག།
གནས་སྐབས་གཞུང་གི་ འགན་ཁུར་དང་ འགན་འཁྲི་ཟེར་རུང་ སྲིད་བྱུས་ཀྱི་ གྲོས་ཐག་ཆོད་ནིའི་དབང་ཚད་ རྩ་ལས་མེདཔ་ལས་ ལྷན་ཁག་དང་ ལས་ཁུངས་ཚུ་གི་ དུས་རྒྱུན་དུ་ འབད་བཞིན་ཡོད་མི་ལཱ་ཚུ་ འཕྲོ་མཐུད་འབད་ནི་དེ་ཨིན་ཟེར་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ གསུངས་ཡི།
དེ་དང་གཅིག་ཁར་ མི་སེར་གྱི་ ཐོབ་དབང་ཨིན་མི་ ཞབས་ཏོག་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ འཕྲོ་མཐུད་དེ་ར་ མཁོ་སྤྲོད་འབད་དགོཔ་སྦེ་ ང་གིས་ གྲོས་དཔོན་ཚུ་དང་ གཞུང་གཡོགཔ་ཚུ་ལུ་ གསོལཝ་བཏབ་སྟེ་ཡོདཔ་བཞིན་དུ་ ཞབས་ཏོག་དེ་ ག་དེ་འཇམ་འཇམ་ ག་དེ་མགྱོགས་མགྱོགས་ འཕྲོ་མཐུད་དེ་ ཕུལ་གནང་ནི་དེ་ ཁག་ཆེ་ཟེར་ དྲགོས་ཚེ་རིང་དབང་ཕྱུག་གིས་ གསུངས་ཡི།
གྲོས་དཔོན་སྤྱི་ཁྱབ་ཀྱིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་ཀྱི་གཞུང་འདི་ གཞི་བཙུགས་གནང་ དེ་གུ་ འཐུས་མི་ཚུ་ཡང་ ག་ར་ཉམས་མྱོང་ཡོད་མི་ ཁྱད་དུ་འཕགས་པ་ཙང་ཙ་ བསྐོ་བཞག་གནང་ནི་དེ་གིས་ ཁྲིམས་སྤྱི་བློན་པོ་ཁོ་ར་ཡང་ ཁོང་དང་གཅིག་ཁར་ ཕྱག་ཞུ་ནི་གི་ གོ་སྐབས་ཐོབ་མི་ལུ་ སྐལ་བ་བཟང་ཡི་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་ཀྱི་དགོངས་བཞེད་དང་ མི་སེར་གྱི་ རེ་དོན་ཚུ་ འགྲུབ་ནི་ལུ་ ང་བཅས་གནས་སྐབས་ཀྱི་ གཞུང་གི་ཁ་ཐུག་ལས་ ཁས་བླངས་ཡོད་ཟེར་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ གསུངས་ཡི།
སྤྱི་ཟླ་༨ པའི་ཚེས་༢ ལུ་ བསྐོ་བཞག་གནང་མི་ གནས་སྐབས་ཀྱི་གཞུང་དེ་ སྤྱི་ཟླ་༡༠ པའི་ཚེས་༣༠ ཚུན་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བར་ཆད་མེད་པར་ འཕྲོ་མཐུད་འབད་ནི་ཨིན་པས།
གནས་སྐབས་ཀྱི་གཞུང་གིས་ སྤྱི་ཚོགས་ཅན་གྱི་གཞུང་ བཙག་འཐུ་འབད་ནིའི་དོན་ལུ་ འགོ་ཐོག་བཙག་འཐུ་དང་ སྤྱིར་བཏང་བཙག་འཐུ་ཚུ་ རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་ནིའི་དང་ བཙག་འཐུ་ལྷན་ཚོགས་ལུ་ ཕན་གྲོགས་འབད་ནི་ཨིན་པས།
གནས་སྐབས་ཀྱི་གཞུང་ནང་ གྲོས་དཔོན་སྤྱི་ཁྱབ་བརྩིས་ཏེ་ གྲོས་དཔོན་༩ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *