ཁ་ཙ་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དགུང་ལོ་༢༧ བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ བཀོད་ཚོགས་འཐུས་མི་དང་ འཛིན་སྐྱོང་གིས་ འགོ་ཁྲིད་ཐོག་ མཁལ་རྡོག་གི་ནདཔ་དང་ མཁལ་རྡོག་ཚབ་བཙུགས་མི་དང་ མཁལ་རྡོག་བྱིན་མི་ དེ་ལས་ ནདཔ་དེ་ཚུ་གི་ བཟའ་ཚང་དང་ ཌོག་ཊར་ སྨན་གཡོགམོ་ཚུ་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་རྟེན་བཞེངས་སར་ དཀར་མེ་ཕུལ་ཐོག་ལས་ མི་དབང་རྒྱལ་བཙུན་མཆོག་ སྐུ་ཁམས་བདེ་བའི་ངང་ལུ་ སྐུ་ཚེ་ཉི་ཟླ་དང་མཉམ་ བཞུགས་ནི་གི་ སྨོན་འདེབས་ཕུལ་ནུག།
ད་རུང་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ འགོ་འདྲེན་ཐོག་ལུ་ ལྟ་བཤལ་ལམ་སྟོན་པ་བགྲེསཔ་ ཚེ་བརྟན་རྡོ་རྗེ་དང་ འཆི་མེད་༢ ཀྱིས་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་བརྒྱུད་དེ་ ཐིམ་ཕུག་ཚུན་ ལམ་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཁོང་༢ ཀྱིས་ དུས་ཡུན་ཟླ་ངོ་༡ གི་རིང་ ལམ་ཀི་ལོ་མི་ཊར་༧༣༨ དེ་ཅིག་ ལམ་འགྲུལ་འབད་བའི་སྐབས་ ལམ་བདའ་སྟེ་ མི་སེར་ཚུ་ལུ་ མཁལ་རྡོག་གི་ ནད་གཞི་དང་ དེ་གི་སྐོར་ལས་ བརྡ་དོན་ཤེས་ཡོན་ཚུ་ སྤྲོད་ནི་ཨིན་པའི་གནས་ཚུལ།
