༉ སྤྱི་ཟླ་༡༠ པའི་ཚེས་༢༦ ལས་༢༨ ཚུན་ ཉིན་གྲངས་༣ གྱི་རིང་ རྒྱ་གར་པཱན་ཇབ་ཀྱི་ཁྲོམ་སྡེ་ ཨམ་རིཊ་སར་ལུ་ རྒྱལ་སྤྱི་ ཤུ་ཏོ་ཀཱཔ་ ཀ་ར་ཊི་ཌུ་ཟེར་ ལག་བརྟེན་ལུས་རྩལ་འགྲན་བསྡུར་ཐེངས་༣ པའི་ནང་ལས་ འབྲུག་གི་ལུས་རྩལཔ་༣ གྱིས་ གསེར་གྱི་རྟགས་མ་༢ དང་ ལི་གི་རྟགས་མ་༡ ཐོབ་ཡོདཔ་ཨིན་པས།
དེ་ཡང་ དཔལ་འཁྱིལ་སློབ་གྲྭ་ཆེ་བའི་སློབ་ཕྲུག་ ཡོན་ཏན་ཕུན་ཚོགས་དང་ ཨྱོན་རིག་པའི་འབྱུང་གནས་ཀྱི་སློབ་ཕྲུག་ ཚེ་རིང་དབང་ཕྱུག་༢ ཀྱིས་ གསེར་གྱི་རྟགས་མ་རེ་ ཐོབ་ཡོདཔ་ད་ ཁུ་རུ་ཐང་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ སློབ་སྦྱོང་པ་ རམ་བྷ་དུར་ག་ལེ་གིས་ ལི་གི་རྟགས་མ་ཐོབ་ནུག།
སློབ་སྟོན་པ་ ཁམས་གསུམ་མཆོད་རྟེན་གྱིས་ འགོ་ཁྲིད་འབད་དེ་ བཅའ་མར་གཏོགས་མི་ ལུས་རྩལཔ་ཚུ་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ་ཨིན་པའི་གནས་ཚུལ།
